ཀ་གདུང་རྒྱ་ཕིབས་མཛེས་པའི་ཆོས་གྲྭ་ཡི་ནང་དུ༎
ཁ་མདོག་ངུར་སྨྲིག་དག་པའི་ཚུལ་ཁྲིམས་ཀྱི་བན་ཆུང་།།
ག་བྲའི་སྨན་མཆོག་ཟུངས་སྔགས་དཔེ་ཆ་དེ་བསྣམ་ནས༎
ང་ཅག་བསྟན་པའི་མེ་དཔུང་སླར་གསོ་དེ་བཟང་གི།
ཅ་ལག་མཆོག་འགྱུར་ནོར་བུ་དེབ་སྨྱུག་དང་བྲལ་ནས༎
ཆ་ཡོད་ལས་ལ་མ་བརྩོན་ཉིན་གང་གི་འཕུད་ཐབས༎
ཇ་ནང་གྲོགས་སུ་བསྟེན་པའི་བློ་གསར་གྱི་གཞོན་ནུས༎
ཉ་བསད་ཁྱི་མོར་བསྟེར་བའི་ལས་བྱ་རྣམས་སྐྱོ་ཨང་༎
རྟ་ནོར་ལུག་ཁྱུའི་སྐར་ཚོགས་འཕོས་པ་དང་འདྲ་བར༎
མཐའ་ཡས་རྩྭ་ཐང་ཡངས་མོར་རྩྭ་ཆུ་ལ་རོལ་ཞིང་༎
དར་རླུང་རྣ་བར་སྙན་པའི་རྫི་གླུ་དེ་གོ་དུས༎
ནངས་ཞོགས་འཕྲལ་མར་འོ་གསོས་འབྲོག་ཕྲུག་དེར་འཇུག་འདོད༎
དཔའ་བོའི་རྩལ་དགུ་རྫོགས་པའི་གླིང་རྗེ་སྟེ་གེ་སར།།
ཕམ་ཁའི་ཚིག་དེ་མ་མཆིས་ལྗོན་ཐང་དེ་མེད་རུང་༎
བ་གླང་མཉམ་པའི་བསམ་མེད་དྲན་མེད་ཀྱི་སྤྱོད་པ༎
མ་བཟང་བུ་ཕྲུག་ང་ཡི་མེད་པ་རང་ཞུས་ཆོག།
གཙང་རོང་ཞིང་སའི་ནས་ཆང་སྨུག་པོ་ཡི་བདུད་རྩི༎
མཚར་སྡུག་སུམ་རྩེན་འགྲན་པའི་འབྲོག་ཁུལ་གི་ལྗོངས་རྣམ༎
མཛའ་མཐུན་སེམས་རྩ་འཁོལ་བའི་རིགས་གཅིག་གི་སྤུན་ཟླ༎
ྺཝ་ལེར་སོམས་ན་ང་རེའི་ཕ་ཡུལ་ནཱ་སྐྱིད་ཡཱ༎
ཞལ་རས་བཅོ་ལྔའི་དུང་ཟླར་ཁྲོ་ཐིག་གི་མེ་ཏོག།
ཟ་འོག་གོས་ཆེན་བཀླུབས་པའི་ནས་འཁུར་གྱི་མཆོར་མ༎
འོད་ཟེར་ལྷ་མོའི་གཟུགས་བྱད་འདྲ་མ་ཡི་བོད་མོ༎
ཡ་ཆུང་སེམས་ནས་དམར་ཆེན་མེ་ཏོག་ཞིག་འཁྲུངས་སོང་༎
རླུང་སྤྲིན་ངེས་མེད་ཐབས་པའི་བགྲོས་རིམ་གྱི་དེང་སང་༎
ལྭ་བའི་ཆས་གོས་གྱོན་པའི་གདོང་དམར་བ་ངེད་ཅག།
ཤུབས་སུ་འཛུལ་ནས་མ་གཡེང་ཡར་ཐོན་གྱི་བ་སྤུས༎
སོམ་ཉིའི་གནས་དེ་མེད་པར་སྔོན་ཐོན་སུ་སླེབས་ཡོད༎
ཧེ་ཧེ་རང་སྣང་གང་འདོད་ཤབ་ཤུབ་ཀྱི་གཏམ་རྣམས༎
ཧ་ལས་སྙན་ཚིག་ཕོངས་པའི་ཀ་ཕྲེང་གི་ལམ་ནས༎
ཨ་ཅང་འཁྱར་འཁྱོར་སྨྱུ་གུའི་སོར་རྩེ་ཡིས་ཤོག་བུར༎
ཨོ་ལོ་བདག་གིས་དབང་མེད་སེམས་ཀློང་ནས་ཐལ་སོང་༎