༄༅། །ན་མོ་གུ་ར་ཝེ། ཀ་མ་ལ་ཡི་འདབ་བརྒྱ་འཛུམ་པ་དེའི་སྟེང་ན། །
ཁ་དོག་སོ་སོར་བཀྲ་བའི་འཇའ་ཚོན་གུར་ཁྱིམ་གྱི་དབུས་སུ། །
ག་བུར་དཀྱིལ་འཁོར་རྒྱས་པའི་དྲི་མེད་གདན་སྟེང་ན་བཞུགས་པའི། །
ང་ཡི་བླ་མ་ལྷག་པའི་ལྷ་དང་དབྱེར་མེད་དེར་འདུད་དོ། །
ཅ་ཅོ་དོན་མེད་ལས་རྣམས་སྤངས་ནས་དོན་ལྡན་གྱི་བྱེད་སྒོ། །
ཆ་ཤས་ཡོངས་སུ་རྫོགས་པའི་སུམ་རྟགས་བདེ་བླག་ཏུ་རྟོགས་སླད། །
ཇ་སོགས་འདོད་སྲེད་དོར་སྟེ་བརྩོན་འགྲུས་ཤུགས་དྲག་གི་སྒོ་ནས། །
ཉ་མོ་ཆུ་ཁ་བཞིན་དུ་འཇུག་འདོད་ཀྱི་གྲོགས་དག་གསོན་དང་། །
ཏ་ཐཱ་ག་ཏའི་བསྟན་པ་ཡོངས་རྫོགས་ཀྱི་དོན་རྣམས་ལྟ་ཞོག །
ཐ་ན་ཚིག་གཅིག་ཚུན་གྱི་དོན་ཡང་དཔྱིས་ཕྱིན་དུ་གོ་ལ། །
ད་ལྟ་རིགས་ཚུལ་འདི་ལ་ནང་བྱན་ཚུད་པ་ཞིག་དགོས་པས། །
ན་ཚོད་ཕྲ་བའི་དུས་འདིར་ཡེངས་མེད་བརྩོན་པ་རང་མཛོད་ཨང་། །
པ་ར་མི་ཏའི་གཞུང་ལ་སྦྱངས་པ་མཐར་ཕྱིན་གྱི་མཐུ་ལས། །
ཕ་རོལ་མཁས་མང་དབུས་ན་འཇིགས་མེད་སྤོབས་ལྡན་གྲོགས་དག །
བ་སྤུའི་རྩེ་ལས་ཕྲ་བའི་དྲི་མེད་རིགས་ཚུལ་གྱི་སྒོ་ནས། །
མ་ལུས་རིག་གནས་ཀྱི་རྩ་བ་འདིར་ཞིབ་དཔྱོད་རང་མཛོད་ཨང་། །
ཙ་གོ་ར་ལྟར་རང་ཉིད་གཅིག་པུར་དབེན་པ་རུ་བསྡད་དེ། །
ཚ་གྲང་ཁྱད་དུ་བསད་ནས་ཚུལ་འདིར་འབད་པ་ཡི་ལག་རྗེས། །
ཛ་ཡའི་མདོ་སྔགས་གསུང་རབ་མ་ལུས་པའི་དགོངས་དོན་མཐའ་དག །
ཝ་ལེར་རྟོགས་པར་འགྱུར་བའི་ངང་ཚུལ་འདི་དགོངས་པར་འཚལ་ཨང་། །
ཞྭ་ལྟར་རིག་གནས་ཀུན་གྱི་རྩེར་སོན་སུམ་རྟགས་ཀྱི་གཞུང་འདིར། །
ཟ་མ་མ་ནིང་དང་ནི་ཕོ་མོའི་མིང་གཞི་ཡི་ཡི་གེར། །
འ་སོགས་སྔོན་དང་རྗེས་ཀྱི་རྣམ་དབྱེ་འཇུག་ཚུལ་གྱི་དབང་གིས། །
ཡ་མཚན་དོན་མང་ཞིག་སྟོན་ཚུལ་འདི་མཁྱེན་པ་རང་མཛོད་ཨང་། །
ར་དང་ལུག་ལྟར་ལྐུག་པའི་བླུན་རྨོངས་མཐར་ཐུག་ཞིག་ཡིན་ཡང་། །
ལ་ཀོར་ཚུལ་འདི་ཤེས་འདོད་ཤུགས་དྲག་གི་འདུན་པས། །
ཤ་ཐང་ཐང་དུ་འབད་པ་ཉིན་མཚན་ལྷོད་བྲལ་དུ་བྱས་ན། །
ས་སྟེང་འགྲན་ཟླ་བྲལ་བའི་མཁས་པར་འགྱུར་ངེས་འདི་དགོངས་ཨང་། །
ཧ་ཅང་རྟོགས་དཀའ་འདི་རིག་གནས་ཀུན་གྱི་གཞི་མ་ཡིན་མོད། །
ཨ་མདོའི་ཡུལ་གྲུ་འདིར་ནི་རྩར་གཅོད་བྱེད་མཁན་རང་དཀོན་ཡང་། །
ཧ་ཅང་ཤེས་འདོད་ཀྱི་གྲོགས་དག་རང་གིས་དཔྱིས་ཕྱིན་རྟོགས་ནས། །
ཨ་ཧོ་ཚུལ་འདི་འཕེལ་ཞིང་རྒྱས་ཐབས་ལ་བརྩོན་པར་མཛོད་ཨང་། །
ཇི་ལྟ་ཇི་ལྟར་ངང་མོ་གཞོན་ནུ་པད་མཚོ་རུ་འཇུག་འདོད། །
དེ་ལྟ་དེ་ལྟར་རིགས་ཚུལ་འདི་དག་སློབ་འདོད་ཀྱི་གྲོགས་རྣམས། །
ཇི་ལྟ་ཇི་ལྟར་སྔོན་བྱོན་དམ་པའི་རྣམ་ཐར་གྱི་རྗེས་སུ། །
དེ་ལྟ་དེ་ལྟར་ཞུགས་ནས་དལ་བ་དོན་ལྡན་དུ་མཛོད་ཨང་། །
མདོ་སྔགས་རིག་གནས་ཀྱི་རྩ་བ་སུམ་རྟགས་སློབ་པར་འདོད་པའི། །
བློ་ལྡན་གཟུ་བོར་གནས་པའི་གྲོགས་པོ་འགའ་ཟུང་ལ་སྙན་བསྐུལ། །
ཀ་སྨད་སུམ་བཅུ་ལས་གྲས་ཏེ་སྤེལ་བའི་བྱེད་པ་པོ་ནི། །
བཙུན་གཟུགས་སྙོམས་ལས་ཀྱི་ཁོལ་པོ་ཨ་ཡི་མིང་ལྡན་ཞིག་གོ། །
ཅེས་པ་འདི་ནི་ཐུ་བཀྭན་རིན་པོ་ཆེའི་བཀའ་བཞིན་ཞབས་གྲས་དཀའ་བཅུ་སྨྲ་བ་གྲགས་པ་ཆོས་ལྡན་སྨོན་རམས་པ་མཆོག་ལྡན་འོད་ཟེར། དྲུང་ཡིག་པ་ཀུ་ཤྲི་ངག་དབང་བསམ་གཏན་བཅས་ལ་སུམ་རྟགས་སློབ་སྐབས་ཉམས་འཆར་གྱི་ཚུལ་དུ་བསླབ་བྱར་བྲིས།། །།