༄༅༎རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཨེ་ཛེར་མཐར་སྤྲོད་བྱེད།
རྩོམ་འབྲི་མཁན། སྲད་འདབ་གསར་ཕུར་ཚེ།
སྙན་ངག་བདུད་རྩིའི་ཚིག་སྦྱོར་རྒྱན་ཆ་དེར༎
འཁྱམས་སྨྱུག་བདག་ལ་དབེན་ནས་མ་ལྡན་ཡང་༎
ཟོལ་མེད་རྒྱུ་མའི་མཚམས་ཀྱི་ང་རོ་དེ༎
ཅུང་ཟད་ཤོག་སྟེང་འདི་རུ་སྒྲོག་པར་ཐལ༎
འཚེ་མེད་ཞི་བདེར་མོད་པའི་འཛིན་མ་འདིར༎
སྔར་མེད་གོ་ཚོར་མེད་པའི་གདོན་འདྲེ་ཞིག།
ཀུན་གྱི་ཨེ་ཛེར་འབོད་པའི་ལག་དམར་བ༎
ཐོམ་མེར་འདི་གར་ཤོར་ནས་འོང་བ་ལཊ༎
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དེ་ཀོ་ནི༎
དམ་ནས་དམ་སྟེ་བྱ་ཁྲིམས་བཞིན་དུ་སྣང་༎
ཇག་ཆེན་གཟུཊ་མེད་འཇིག་རྟེན་གཤེད་མ་དེར༎
དམར་གསོད་གཏོང་བའི་དབང་ཞིག་མ་མཆིས་སོ༎
གསོ་རིག་དབྱར་མཚོའི་རླབས་སྒྲ་ནམ་མཁའི་རྔ་༎
ཇི་བཞིན་འཛམ་བུའི་གླིང་འདིར་ཁྱབ་སྤེལ་ཆེ༎
ཡིན་རུང་དྲག་པོ་ནད་ཀྱི་རྒྱལ་པོ་ཨེ་ཛེ་འདི༎
འཇོམས་པའི་ཐབས་ལམ་བཟང་ཤོས་མ་རྙེད་སོང་༎
དེ་འདྲའི་བྱམས་སྙིང་མེད་པའི་ནད་ངན་དེས༎
ཁོང་དང་ཁོང་གི་བརྩེ་སེམས་དར་དཀར་དེ༎
སེམས་གནག་ཨེ་ཛེའི་རལ་གྲིས་གཏུབ་ཙ་དུས༎
བསམ་བཞིན་དྲན་ཞིང་འཆི་མའི་གཡས་འཁོར་རྒྱབ༎
གཤེད་མ་ཨེ་ཛེས་ཚམ་ཚོམ་མེད་པའི་ངང་༎
ལ་རྒྱའི་གཡུ་རལ་རྒྱས་པའི་མི་རིཊ་ཞིག།
མཐུན་སྒྲིལ་རྡོག་རྩ་འཁོལ་བའི་རྒྱལ་ཁབ་གཅིག།
རིམ་བཞིན་རིམ་བཞིན་རྩ་མེད་སྐྱིད་རེ་གཡའ༎
ཁྲག་རྒྱུད་ལུས་འབྲེལ་འགོས་ཁྱབ་ལ་སོགས་ཀྱིས༎
ངེད་ཅག་སྐྱིད་པའི་འཚོ་བའི་གྲོང་སྒོ་རྒྱབ༎
དེས་ན་གནད་དོན་འདིའི་རིགས་ཐ་ཐད་ལ༎
མནོ་བསམ་ལེགས་པར་བཞེས་ནས་བཅོས་ཐབས་འཚོལ༎
བརྙན་འཕྲིན་ཆ་འཕྲིན་སློབ་གསོའི་ཁྱབ་བསྒྲགས་སོགས༎
འབྲེལ་ཡོད་ཨེ་ཛེའི་ནད་དེ་བཤད་ཙ་ན༎
ཀླད་ཆུང་ཆུ་ཚད་དམན་པའི་སྐྱེས་བུ་འགས༎
གདོང་ཆུང་ཞྭ་མོས་བཀབ་ནས་ངོ་ཚྭར་འཛིན༎
འདིའི་ཐད་ངོ་ཚྭ་མ་རེད་བདེ་ཐང་རེད༎
འདིའི་ཐད་ཤེས་བྱའི་ལོ་འདབ་མང་གྱིས་བཅིངས༎
དེར་བརྟེན་ངོ་ཚྭའི་གཡང་ལུགས་ཕུད་ནས་ནི༎
ཨམ་ཅོག་བཀྲོངས་ངེར་བསྐྱེར་ནས་བདུད་རྩིར་གསན༎
ཕྲན་ཚགས་གལ་ཆེན་མུ་ཏིག་འདྲ་བ་ཡི༎
རྒྱུན་ཤེས་འཚོ་བའི་སྐོར་གྱི་ལས་བྱ་འགར༎
སྐུ་ཉིད་བརྩིགས་ཆེན་བསམ་ཏེ་གཟབ་གཟབ་ནས༎
སྡིག་ཅན་གཤེད་མའི་ལག་དུ་མ་ཐེབ་གནང་༎
དེ་འདྲའི་དཔོག་པར་དཀའ་བའི་ཉེས་ཅན་ཞིག།
དེ་འདྲའི་བཅོས་ཐབས་དཀའ་བའི་ནད་ངན་ཞིག།
དེ་འདྲའི་ལས་དབང་ཕོངས་བའི་བདག་ཚོ་རྣམས༎
དེ་འདྲའི་འཇིགས་པ་ཆེན་པོ་ཧང་སེ་སྐྱོ༎
ཨེ་ཛེ་ལག་དམར་ཇི་འདྲའི་སྟོབས་ཆེན་ཀྱང་༎
འུ་ཅག་མཐུན་སྒྲིལ་དཔུང་སྟར་གཅིག་མཛོད་ནས༎
གཟུགས་མེད་གཤེད་མ་སྡིག་ཅན་ཨེ་ཛེ་དེ༎
ཕ་འཐར་སྤྲད་ནས་བདེ་བར་བརྩོན་ལེན་ཤོག།