རོང་རེ་འབོད།
སྲིད་པ་ཡི་འཇིག་རྟེན།
རྙོག་འཛིང་གི་དྲ་བ།
ཆགས་སྡང་གི་མི་ཡུལ་འདིར།
སྐྱོ་གདུང་གི་རྟ་པོར་བཅིབས་ཏེ།
བག་མེད་ཀྱི་འཚོ་བར་རོལ།
ཤེས་བཅུད་ཀྱི་ལྡུམ་རྭའི་མཛེས་པར།
རོལ་བའི་ཚོར་ཤེས་ནི་མ་སྐྱེས།
སྐྱུར་རྩི་ཡི་གྲོགས་དང་།
ཆང་ཁང་སྦག་ཁང་ནང་དུ།
ཉིན་དང་མཚན་མོ་སྦྲེལ་ཏེ།
དུས་ཀྱི་ལོ་ཟླ་འདས་སོང་།
བརྩེ་བ་དང་ལ་རྒྱ་ཅི་ལ་ཡང་།
བསམ་པའི་སྐུལ་སྤྱོད་མི་ཐུབ་ལ།
མ་འོངས་ཀྱི་ལམ་ཕྲན་ལའང་དེ་ལྟའི་འབད་པའང་མ་མཆིས།
མིག་མདུན་གྱི་ཡོངས་རྫོགས་རང་ལ་དབང་འདོད་པ་ལས།
རྒྱང་རིང་བསམ་པའི་བདེ་སྐྱིད་ནི་མ་འདོད།
མཐའ་དག་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་ཤོར་ཟིན་ལ།
འབད་པའི་སེམས་པ་ནི་ནམ་ཡང་བརླག་ཀྱང་ཚར།
ཁྲམ་པ་དང་གཡོ་སྒྱུའི་ཐབས་ལ་བྱངས་ཤིང་།
མིག་མདུན་གྱི་བདེ་སྐྱིད་དང་།
ཡོད་ཚད་ཀྱི་ཡོད་ཚད་དེ་རིང་ཁོ་ན་ལས་གཞན་ཅི་ལ་ཡང་མ་བསམ།
ཀྱག་ཀྱོག་གི་མི་ཚེའི་ལམ་འཕྲང་དེ་ནི་དེ་བས་ཀྱག་གེ་ཀྱོག་གེ་ཞིག་དང་།
མ་འོངས་ཀྱི་ཕུག་འདུན་ནི་དེ་བས་གསལ་ལ་མི་གསལ་ཞིག
བཞོན་པའི་བོང་བུ་དང་བཏུང་ཆའི་ཆང་རག་གཉིས་དང་ཁ་མ་བྲལ་ཙམ་བྱུང་ན།
བདེ་བ་ཉིད་ལས་གཞན་ཅི།
དེ་ལྟར།
དངུལ་མར་རིན་ཆེན་ལས་དུས་ཚོད་རིན་ཆེན་འཛིན་པའི་བློ་ཞིག་མ་མཆིས་ལ།
མི་ཚེའི་བདེ་བ་མཐར་ཐུགས་པ་ནི་རྟོགས་ཀྱང་མ་ཐུབ།
ངོ་མ།
འཇིག་རྟེན་པའི་འཚོ་བའི་སྙིང་པོའང་མ་ཤེས་མཁན་ནི་ལེ་ལོ་ཅན་གྱི་རྣམ་ཤེས་ཉིད་ལས་གཞན་ཅི།
ཆང་འཐུང་གིས་ཉི་མ་གང་འཁྱོལ་བྱེད་མཁན་གྱི་ཀླད་མེད་ཁག་ཅིག་ལ་དྲན་སྐུལ་ཚུལ་དུ་བྲིས།