专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
老张投资笔记  ·  出乎意料,西藏人均收入这么高! ·  6 天前  
老张投资笔记  ·  出乎意料,西藏人均收入这么高! ·  6 天前  
51好读  ›  专栏  ›  日喀则在线

【魅力藏文】སློབ་དཔོན་པདྨའི་མཇུག་མཐའི་ཕེབས་ལམ།

日喀则在线  · 公众号  · 西藏  · 2017-02-10 11:12

正文

 

སློབ་དཔོན་པདྨའི་མཇུག་མཐའི་ཕེབས་ལམ།

ཀླུ་ཕྲུག

འདི་ནིརྦ་བཞེད་ཕྱོགས་བསྒྲིགདངཆོས་འབྱུང་མཁས་པའི་དགའ་སྟོནལས་དཔྱད་གཞི་ཞིག་བཙལ་བའི་ཞར་དུ་མཐོང་བ་དག་དཔྱད་བྲིས་བགྱིས་པ་ཡིན། 

དེང་དུས་སུ་སྲིད་པ་བོན་གྱི་རིང་ལུགས་འཛིན་པ་འགའ་ཡིས་སློབ་དཔོན་པདྨ་རྒྱ་གར་དུ་བསྐྱལ་བའི་ལམ་བར་མང་ཡུལ་གོང་ཐང་ནས་ལྐོག་གསོད་བཏང་བར་སྨྲ་བ་ལ།    སྔགས་རྙིང་མའི་ཆོས་རྒྱུད་འཛིན་པ་ཚོའི་གཙོར་བྱས་པའི་མགོ་ནག་པ་གང་མང་ཞིག་གིས་སྐད་ཆ་དེ་ནི་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་གིས་སློབ་དཔོན་ལ་བསམ་བཞིན་དུ་སྐུར་པ་འདེབས་པ་རེད་མ་གཏོགས་དོན་དེ་འདྲ་ཞིག་གཏན་ནས་འབྱུང་བ་མི་སྲིད་ཅེས་ལྡོག་དམོད་འབོར་ནའང་།རྦ་བཞེདཀྱི་སྒྲོསཆོས་འབྱུང་མཁས་པའི་དགའ་སྟོནདུ་བཀོད་པར།  “བློན་པོ་དག་ན་རེ་བོད་ཡུལ་བཟང་པོར་བྱས་པའི་སྔགས་མཁན་གྱི་མཐུ་དང་སྦྱར་ན་ཆབ་སྲིད་རྒྱ་གར་གྱིས་ཕྲོགས་སྟེ་འགྲོ་ཞེས་འདུན་ས་ཆུང་ངུར་གྲོས་བྱསཞེས་འབྱུང་བ་ལ་གཞིག་ན།         སྐབས་དེར་བཙན་པོའི་མདུན་ས་འཛིན་པའི་བློན་ཆེན་གང་མང་ཞིག་གིས་སློབ་དཔོན་བོད་དུ་ཡོང་བ་ཆབ་སྲིད་ཀྱི་དབང་སྟོབས་འཕྲོག་པའི་ཆེད་དུ་ཡིན་པར་དོགས་ནས་ཡོད་པ་གསལ་བོར་ཤེས་ཐུབ་ལ།

དེ་ཡང་བཙན་པོ་ཁྲི་སྲོང་སོགས་ཀྱི་སྐབས་བོད་ཀྱི་སྲིད་ཤུགས་དར་བའི་རྩེ་མོར་བསླེབས་ཤིང་ཁབ་མཐའ་རྒྱ་ཆེར་བསྐྱེད་དེ་མཐའ་བཞིའི་རྒྱལ་ཁབ་དག་ལ་འཇིགས་པ་སློང་གིན་ཡོད་པས་ཟ་ཧོར་དང་ཨུ་རྒྱན་གྱི་རྒྱལ་སྲས་དག་མཁན་པོ་དང་སློབ་དཔོན་གྱི་ཚུལ་དུ་བོད་ལ་ལྷགས་པར་ཆབ་སྲིད་ཀྱི་དམིགས་སྒོ་གཞན་པ་རེ་མེད་པའི་ངེས་པ་ཁྱོན་ནས་མེད་ལ།       དེ་མིན་བོད་དག་གིས་ཀྱང་འདི་དག་གིས་ཆབ་སྲིད་ཀྱི་དབང་སྟོབས་ཕྲོག་ཏུ་འོངས་སོ་ཞེས་དོགས་འཚེར་བྱེད་ག་ལ་སྲིད།

དེ་བས་གོང་གི་སྒྲོས་དག་ལ་གཞིགས་ན་གཅིག་ནས་སློབ་དཔོན་གྱི་བྱ་བྱེད་དང་བཤད་གཏམ་ལས་བོད་བློན་དུ་མ་ཞིག་གིས་འདི་བྷོད་ཆེན་པོའི་ཆབ་སྲིད་ཀྱི་དབུ་རྨོག་བཅོག་པར་ཡོང་བ་ཡིན་འདུག་སྙམ་པའི་བློ་དོགས་སྐྱེས་པར་མངོན་ལ།     གཉིས་ནས་སྲིད་བློན་ཚོས་ཐབས་དང་བཀོད་པ་དུ་མ་བརྒྱུད་དེ་མཁན་པོ་དང་སློབ་དཔོན་བོད་ཡུལ་ནས་རྒྱང་འབུད་དང་ཤུལ་མེད་བཟོ་བའི་སྦྱོར་བ་བཤམས་ཡོད་པ་གསལ་བོ་རེད།   

དཔེར་ན “སློབ་དཔོན་གྱིས་ད་ནི་ཞིང་བྱའོ་གསུངས་པས་ཞིང་ཡར་ལུངས་ཀྱིས་ཆོག་ཟེར་སྟེ་སྔགས་མཁན་ལ་ཕྱག་བྱས་སྟེ་བྱ་དགའ་ཆེན་པོ་ཕུལ་ནས་སླར་རྒྱ་གར་དུ་བཞུད་པར་ཞུ་བ་ཕུལཞེས་པ་ལྟར་ཞི་བའི་སྒོ་ནས་རྔན་པ་བྱིན་ཏེ་མཐར་སྐྲོད་གཏོང་བར་བརྩམས་པ་དང་། 

ཡངམཁས་པའི་དགའ་སྟོནལས།    “བློན་པོ་ཁ་ཅིག་ན་རེ་སྔགས་མཁན་དེ་མ་བསད་ན་དེ་ནུས་པ་ཆེ་བོད་ལ་བྱད་བྱས་པར་འོང་བས་འདུན་ས་ནས་བཅད་དེ་གསོད་མི་བཅོ་བརྒྱད་བཏངཞེས་དང་། “སློབ་དཔོན་དཔོན་གཡོག་མང་ཡུལ་དུ་སླེབས་སྟེ་བྱོན་པའི་དགོང་མོ་སང་ནི་འོ་ཅག་ལ་གནོད་འཚེ་བྱེད་པ་འོང་ངོ་ཞེས་སྐྱེལ་མི་རྣམས་ལ་གསུངས།      འཕྲང་དུ་བྱོན་པ་དང་སྟག་སྣར་གསོད་མི་བཅོ་བརྒྱད་པོ་རྣམས་ཀྱིས་ལ་ལས་མདའ་བཀང༌།ལ་ལས་མདུང་མནན།    ལ་ལས་གྲི་ཕྱུང་སྟེ་སློབ་དཔོན་ལ་རྡེག་པར་བྱསཞེས་འབྱུང་བ་བཅས་ལ་བསམ་ན།  

སྲིད་བློན་གཟིགས་རྒྱ་ཅན་དག་གིས་སློབ་དཔོན་གྱིས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་སྲིད་སྟོབས་ལ་ཉེན་པའི་སྦྱོར་བ་རྩོམ་པར་དོགས་ནས་དང་པོར་རྒྱལ་པོའི་མདུན་ས་ནས་སློབ་དཔོན་ལ་རྒྱུ་ནོར་གྱི་རྔན་པ་བྱིན་ནས་རྒྱ་གར་ལ་སླར་ལྡོག་པར་ཞུས་ཤིང་།      རྒྱལ་པོས་ཀྱང་བློན་པོ་བློ་རྒོད་ཚོའི་འདོད་མོས་ལས་བརྒལ་ནས་སློབ་དཔོན་བཞུགས་སུ་གསོལ་མ་ཐུབ་ནས་སྐྱེལ་རོགས་དུ་མ་དང་བཅས་བཏང་བས།     བློན་དག་གིས་ལྐོག་ནས་གསོད་མི་མངགས་ཏེ་འཕྲག་དོག་ས་ཞིག་ནས་ལམ་གསོད་བྱེད་པའི་སྦྱོར་བ་བཤམས་པ་ཡིན་འདུག  

མཐརསློབ་དཔོན་གྱིས་ད་རེ་ཞིག་མི་ཡུལ་ན་ང་ལ་གདུལ་བྱ་མེད།      ལྷོ་ནུབ་མཚམས་སུ་སྲིན་པོ་འདུལ་དུ་འགྲོ་གསུངས་སྟེ་ཆིབས་ཁ་ནས་འཕུར་ནས་སྤྲིན་གྱི་གསེབ་ན་ཕར་ཆོས་གོས་སྤུར་རེ་གསེག་ཤང་ཁྲོལ་ལེ་བཞུད།   སྐྱེལ་མི་རྣམས་ཕོ་བྲང་དུ་ཕྱིན་ནས་ཇི་སྐད་གསུང་བ་བཞིན་ལོ་རྒྱུས་སྙན་དུ་གསོལ་བས་བཙན་པོ་ཡང་ཐུགས་ལ་རབ་ཏུ་བཅགས་པར་གྱུར་ཏོ།།ཞེས་པར་བལྟས་ན་ལམ་གསོད་པས་འཕྲང་ནས་སྒུག་སྟེ་མདའ་གྲིས་སློབ་དཔོན་རྟ་ཐོག་ནས་ཕབ་སྟེ་ཐལ་ཚུབ་ཕྱུར་རེར་བཀུམས་ཏེ།   གདུང་རྦས་དུར་དང་ཆུར་གཡུསག་པ་གང་རུང་བྱས་ཤིང་།    སྐྱེལ་མི་དག་ཀྱང་སློབ་དཔོན་དགྲོང་པར་བློ་མཐུན་པའམ་ཡང་ན་ལམ་གསོད་པས་འཇིགས་སྐུལ་ཞིང་སྨྲ་བ་བསླབས་ཏེ་རྒྱལ་པོའི་མདུན་དུ་བཏང་བས།   དེ་དག་གི་རྒྱལ་པོ་ལ་སློབ་དཔོན་ནི་རྟ་གོང་ནས་འཕགས་ཏེ་སྤྲིན་གསེབ་བརྒྱུད་སྲིན་ཡུལ་དུ་གཤེགས་སོ་ཞེས་དབུ་བསྐོར་རྗེས་བསུབ་ཀྱི་སྐད་ཆ་ཞུས་པ་ཡིན་འདུག་སྟེ།     

དེ་མིན་ཁོང་ཉིད་མི་སྔ་མི་འཕྱི་བར་མང་ཡུལ་ནས་རྗེས་འདེད་ལྐོག་གསོད་པ་དང་འཕྲད་པ་དང་ལྷན་དུད་ནི་ང་ལ་མི་ཡུལ་དུ་གདུལ་བྱ་མེདཅེས་སྐད་ཆ་གོ་རྒྱུ་ཅན་ཞིག་ཐལ་ཏེ་འཕུར་དགོས་དོན་དགོས་དོན་ཅི་ཡོད།    

གལ་ཏེ་འདས་གྲོངས་མེད་པར་རྫུ་འཕྲུལ་གྱིས་སྲིན་ཡུལ་དུ་གཤེགས་པ་ཡིན་ན་སླར་རྫུ་འཕྲུལ་གྱིས་མི་ཡུལ་དུ་འབྱོན་ཡང་ཆོག་པསད་ནི་མི་ཡུལ་དུ་ང་ལ་གདུལ་བྱ་མེདཅེས་མི་ཡུལ་དང་གཏན་བྲལ་དུ་འགྲོ་བའི་ཐ་ཚིག་ཅིག་བོར་དགོས་དོན་མེད་ལ། 

“ལྷག་ཏུ་རྟ་གོང་ནས་འཕུར་ཏེ་སྤྲིན་གསེབ་དུ་མི་མངོན་པར་གྱུརསོང་བའི་དོན་འདི་ལ་དགོད་གཏམ་དང་མཚར་སྒྲུང་གིས་མ་སྦགས་པར་བདེན་ཐུབ་ལུགས་མཐུན་གྱི་ཐོག་ནས་གོ་བ་ཞིག་བླངས་ན་ཁོང་ཉིད་དེ་ལས་ཕན་དུ་འབྱོན་མ་ཐུབ་པར་ལྐོག་གསོད་པའི་ལག་ནས་མི་ཡུལ་དང་ཞལ་གྱེས་སོང་བ་གསལ་བོ་རེད་འདུག    

ད་དུང་བྷོ་དྷི་ས་ཏྭ་ལན་མང་དུ་བསྐྲད་པ་དང་།    ཧ་ཤང་ཡུལ་ཕུད་བཏང་སྟེ།     ཀ་མ་ལི་ཤི་བསམ་ཡས་སྒྲ་སྦྱོར་གླིང་དུ་ལྐོག་གསོད་བྱས་པ་སོགས་ལ་བསམ་ན།      སྐབས་དེར་སྲིད་ཀྱི་གོ་རྟོགས་མཐོ་བའི་བོད་བློན་ཚོ་སྡེ་བའི་ཁ་མཁས་ཚིག་སྙན་དང་།      གཡོ་འདྲུད་བསླུ་ཐབས་ཀྱི་འོག་ཏུ་མི་འགྲོ་བར་རྒྱལ་སྲིད་ཀྱི་མངའ་ཐང་ལ་དམིགས་ནས་ཡོང་བའི་ཕྱི་མི་དག་གཅིག་གཅིག་གཉིས་གཉིས་བྱས་ནས་རྩ་མེད་ལ་གཏོང་བའི་སྦྱོར་བ་བསྟར་གྱིན་ཡོད་པ་ཤེས་ཐུབ། 

གང་ལྟར་སྐབས་དེར་བན་བོན་གྱི་ཆོས་རྩོད་གྱི་འགལ་བ་ཡང་ཛ་དྲག་ཡིན་པས་ཕན་ཚུན་ཁྱོད་ཤི་ང་གསོན་གྱི་གཡུལ་བཤམས་བཞིན་ཡོད་ལ།     ལྷག་ཏུ་སྲིད་ཀྱི་བདག་པོར་གཏོགས་པའི་བློན་ཆེན་དག་གིས་ཆོས་ཀྱི་ཞེན་ཕྱོགས་རྐྱང་པས་མ་ཚད་པར།     ཆབ་སྲིད་ཀྱི་དབུ་རྨོག་འཕྲོག་པར་དོགས་པའི་བློ་འཚབ་ཀྱིས་ཀྱང་རྒྱལ་པོས་མཆོད་གནས་སུ་བོས་པའི་རྒྱ་གར་གྱི་ཨ་ཙ་ར་དང་།     དགྱ་ནག་གི་ཧ་ཤང་དག་རྒྱང་འཕུད་དང་གསོད་བཅོམ་གང་ཐུབ་བྱེད་ཀྱིན་ཡོད་པ་གསལ་བོ་རེད།     


                                                                                  ཡོང་ཁུངས། ལུག་ཚང་དཔལ་ཡོན།