"རིག་གནས་"ཞེས་པ་གང་དུ་ཡོད་དམ།
ལྷ་གཡག་ཉི་སྲི།
གཙུག་ལག་ཁང་མདུན་ནས་བྲིས།
ཞིང་འབྲོག་ཚོས། སྐོར་བྲོ་མཚན་ནག་ལ་འཁྲབ་ཅིང་། ཉིན་སྐར་ནས་རྩེ་བ་ལ། འཚོ་བ་རོལ་སྟངས་ཙམ་རེད་མ་གཏོགས། དེའི་སྒང་ལ་"རིག་གནས་"ཀྱི་འདུ་ཤེས་མེད་དོ། དད་འབངས་ཚོས། མ་ཎི་ཉིན་སྐར་ནས་འདོན་ཞིང་། མཚན་དཀྱིལ་ནས་སྐོར་བ་ལ། ཆོས་དད་ཅིག་རེད་མ་གཏོགས། "རིག་གནས་"ཀྱི་སྲུང་འཛིན་མ་རེད། གང་ཞིག་"རིག་གནས་"ཀྱི་གདགས་གཞི་ཆགས་སོང་ན། དེ་ནི་འཚོ་བ་ལས་ལོག་ཏུ་བཀར་སོང་བ་རེད་ལ། རིག་གནས་ནི་ཕྱིར་དྲན་ཙམ་དང་། ལོ་རྒྱུས་ཙམ་གྱི་རང་བཞིན་ཡིན་པས་སོ།
"རིག་གནས་"ཀྱི་ཞྭ་མོ་དེ། ཡིག་རིགས་ཤིག་གི་བཀོལ་སྤྱོད་སྒང་ལའང་གཡོག་རྐྱང་རེད་འདུག བོད་ཡིག་སྤྱོད་པ་ནི་རིག་གནས་ཤིག་གི་རྒྱུན་འཛིན་དང་། འབངས་མིའི་འོས་འགན་དུ་ཆགས་པའི་སྣང་ཚུལ་གྱི་ཁུངས་ཀྱང་ང་ཚོས་གསལ་ལེར་རྙེད་ཐུབ། ངས་སྣང་བ་སྣང་མེད་དུ་བོད་ཡིག་བཀོལ་བ་དེ་ནི་"རིག་གནས་"གང་ཞིག་སྲུང་ཆེད་ཡེ་ནས་མིན་ལོ། དགོས་མཁོ་དང་། འཚོ་བ་ཙམ་ཡིན། དོན་དུ། ཁྱོད་ཀྱིས། ང་ཚོ་ལ་བཟང་སྤྱོད་ཀྱི་གནོན་ཤུགས་སྤྱོད་ཀྱིན་འདུག ཁྱོད་ཀྱིས་ནམ་ཞར་འཚོ་བ་དང་། འཚོ་བའི་ལག་ཆ་ཐམས་ཅད་ལ་"རིག་གནས་"ཀྱི་ཞྭ་མོ་ཀོན་གྱིན་ཡོད་པས་སོ།
དོན་དུ། "རིག་གནས་"ཞེས་པའི་ཐ་སྙད་དེ་ནི། དུངས་ཞེན་གྱིས་བཟི་བའི་མཁས་པ་འགའ་རེས་རང་ཉིད་ཀྱི་དུངས་ཞེན་རྗེས་དྲན་དང་། མི་རྣམས་ལ་བཟང་སྤྱོད་ཀྱི་གནོན་ཤུགས་སྤྲོད་བྱེད་ཙམ་ལས་མ་ངེས། ཁོའི་གདགས་གཞི་ནི་ད་ལྟ་བརླག་གྲབས་ཡོད་ལ་དུས་འདས་པའི་འཚོ་བའི་གོམས་སྲོལ་ཙམ་རེད་ལ། ད་ལྟའི་འཚོ་བ་ལ་"རིག་གནས་"ཀྱི་ཞྭ་མོ་ཀོན་ན། གང་ལྟར་དེ་ནི་གནོན་ཤུགས་ཤིག་གི་རང་བཞིན་ལ་སོང་ཟིན་ཏོ།
བོད་ཡིག་ལ་"རིག་གནས་"ཞེས་པའི་ཞྭ་མོ་གཡོག་ཚར་རྗེས། ཁོ་ཚོའི་རྗེས་ཀྱི་ལས་ཀ་ནི། "རིག་གནས་"ལ་སྲུང་སྐྱོབ་བགྱི་དགོས་པའི་སྤྱི་ཚོགས་ཀྱི་རྒྱུན་ཤེས་དེ་ཁ་ལ་གཡར་ནས། གང་སར་"བཟང་སྤྱོད་"ཀྱི་གནོན་ཤུགས་སྤྲོད་རྒྱུ་དེ་རེད། སུ་ཞིག་གནོན་ཤུགས་ལ་དགའ་པོ་ཡོད། སུ་ཞིག་གཞན་དབང་དུ་གྱུར་པའི་འགན་འཁྲི་ལ་དགའ་པོ་ཡོད། ད་ལྟའི་སྤྱི་ཚོགས་ནང་རྒྱ་ཡིག་གི་སྤྱོད་སྒོ་རང་བཞིན་དུ་སོང་ལ། བོད་ཡིག་སྦྱང་རྒྱུ་ནི་འགན་འཁྲི་ལྟ་བུ་ཞིག་ཏུ་གྱུར་འདུག ད་ལྟའི་མི་མང་པོ། བོད་ཡིག་ལ་དགའ་ཡང་བེད་མི་སྤྱོད། རྒྱ་ཡིག་ལ་སྡུག་ཀྱང་བེད་རང་བཞིན་དུ་སྤྱོད་པ་ནི། བཟང་སྤྱོད་གནོན་ཤུགས་བགྱིས་པའི་འབྲས་བུ་རེད་ལ། རྒོལ་ལན་ཡང་རེད། དོན་དུ། ང་ཚོའི་འཚོ་བའི་ནང་། མི་ཚང་མ་བཟང་སྤྱོད་ཅན་ཞིག་བགྱི་དགོས་པའི་བཀའ་དང་། གནོན་ཤུགས་ཀྱི་བཙན་དབང་འོག་ལ་ལུས་འདུག
"རིག་གནས་"ནི་ཡང་སྙིང་གང་ཞིག་རེད་དམ། དེ་ནི་མ་འོངས་དུས་ཤིག་ལ་བསྐྱར་དུ་དར་བའི་རེ་བ་ཙམ་རེད་དམ། ཡང་ན། འདས་པའི་ལོ་ཟླ་ཞིག་གི་རྗེས་དྲན་ཙམ་རེད། གལ་སྲིད་བསྐྱར་དར་ཆེད་ཡིན་ན། ད་ལྟའི་ང་ཚོ་ནི་འཇིག་ལ་ཁ་ཡོད་དམ། གལ་སྲིད། རྗེས་དྲན་ཞིག་ཡིན་ན། ང་ཚོའི་ད་ལྟའི་འཚོ་བ་དང་། "རིག་གནས་"དེ་གཉིས་ཀྱི་མཚམས་དེ་གང་དུ་ཡོད་དམ། རྒྱལ་པན་རྣམས་གཉིས་མེས་རྒྱལ་གྱི་པང་དུ་ལོག་པའི་དུས་ལ་རེད་དམ། >ཚགས་པར་ཐོག་ཁོད་པའི་དུས་ལ་རེད། ང་ཚོས། འདས་པའི་"རིག་གནས་"ལ་གོ་བ་ཇི་ལྟར་ལེན། ད་ལྟའི་འཚོ་བ་ལ་འཐབ་རྩོད་ག་འདྲ་བགྱི། མ་འོངས་ཀྱི་ལམ་ཁ་ལ་བདམས་ཁ་ག་འདྲ་བྱ། ང་ཚོས་ཁ་སང་གི་"རིག་གནས་"དང་། དུས་ད་ལྟ་བའི་འཚོ་བ་གཉིས་ལ་མཚམས་ཐིག་ག་འདྲ་གཅོད། ཁ་སང་གི་ལོ་རྒྱུས་དང་། ད་ལྟའི་འཚོ་བ་ལ་མཐུད་ཤན་ཇི་འདྲ་རྒྱག
ང་ཚོ་འགྱུར་བཞིན་ཡོད་དམ། ཡང་ན་བསྒྱུར་བཞིན་ཡོད། ཞི་མི་ང་ཚོས། "ང་ནི་ཁྱི་ཞིག་ཡིན་པས་སྤོབས་པ་ཆེ་"ཞེས་པའི་ཟློས་གར་འཁྲབ་བཞིན་ཡོད་དམ། རྒྱ་ཡིག་གི་བསྟན་པ་ཕྱུར་དུ་ཡོད་པའི་ཁོར་ཡུག་དུ་ང་ཚོས་ཁུག་ཁུག་ཀྱོག་ཀྱོག་ནས་བོད་སྐད་ག་འདྲ་ལབ། རྒྱ་ཟས་ལེའུ་བཅོ་བརྒྱད་ཀྱི་མདུན་དུ་ང་ཚོས་བོད་ཐུག་ག་འདྲ་ཟ། ང་ཚོ་ཡང་སྙིང་གང་ཞིག་རེད་དམ། ཧི་མ་ལ་ཡའི་རྩེ་ལ་རྡབ་ཆག་བྱུང་ནས་གཤོག་པ་ཆག་པའི་ལྷ་བྱ་དེ་རེད་དམ། མ་ཧ་ཙི་ནའི་གྲོང་ཁྱེར་ནས་མིས་རུབ་རྡུང་བགྱིས་པའི་རྐང་ཆག་གངས་སེང་དེ་རེད། ང་ཚོས། ཁྲི་ཤོར་རྒྱལ་མོའི་མཚོ་ཁ་ནས་སྨད་རྒྱ་ནག་ལ་གཡོན་མིག་ཇི་འདྲ་ལྟ། ཧི་མ་ལ་ཡའི་ལ་འདེབས་ནས་སྟོད་རྒྱ་གར་ལ་གཡས་མིག་ཇི་འདྲ་ལྟ། རྒྱ་གཉིས་ཀྱི་བར་ནས་ཨ་མི་རི་ཁ་ལ་ངོ་མདོག་ཅི་འདྲ་བསྟན། ང་ཚོས། གཙུག་ལག་ཁང་བསྐོར་བཞིན། རྒྱབ་ཀྱི་ཁ་ཆེའི་ལྷ་ཁང་ལ་ཟུར་མིག་ག་འདྲ་ལྟ། ང་ཚོས་བོད་ཡིག་གི་རྩོམ་ཡིག་ག་འདྲ་འབྲི། ཀློག་མཁན་མང་ཙམ་རྙེད་དམ། བོད་སྐད་ཀྱི་གླུ་གཞས་ག་འདྲ་ལེན། ཧྥིན་སི་མང་ཙམ་རྙེད་དམ། རྒྱ་ཁྲོམ་དུང་ཕྱུར་དང་། བོད་ཁྲོམ་ཁྲི་ཙམ་གྱི་བར་ནས། ང་ཚོས་ཁེ་ཕན་དང་། ལ་རྒྱ་གཉིས་ཀྱི་བར་ལ་བཏང་སྙོམས་ག་འདྲ་བཟོ།
ང་ཚོ་ཡང་སྙིང་འཚོ་བ་རོལ་མཁན་གྱི་མི་རེད་དམ། "རིག་གནས་"སྲུང་མཁན་གྱི་བྲན་རེད།
༢༠༡༦-༡༡-༢༨
གཞིས་རྩེའི་དྲ་ཐོག
点击“阅读原文”,即可查看“视频”,也可寻找你想要的更多内容。。。