ནང་པའི་གྲྭ་པ་ཞིག་མུ་སྟེགས་གཅེར་བུ་པའི་ལྷ་ཁང་དུ་བསྐྱོད་པ།
རྩོམ་པ་པོ། རྫི་བོ།
ང་དང་གྲོགས་པོ་གཉིས་སྔ་མོ་ཡར་ལ་ལངས་ནས་ཞོགས་ཇ་བཏུང་བར་སོང་བའི་ལམ་བར་ནས་ཟ་ཁང་གི་འགྲམ་དུ་གཅེར་བུ་པའི་ལྷ་ཁང་ཞིག་ཡོད་པ་མཐོང་། འཕྲལ་དུ་དེ་རུ་འགྲོ་འདོད་སྐྱེས། ཞོགས་ཟས་དང་ཞོགས་ཇ་ལ་གཏམ་གླེང་སྣ་ཚོགས་བྱེད་བཞིན་དལ་གྱིས་རོལ་མཚམས། རྒྱ་གར་ཟ་ཁང་གི་བདག་པོ་ལ་ཟས་རིན་ཕུལ་ནས་ཕྱི་རུ་ཐོན། དེ་ནས་གཅེར་བུ་པའི་ལྷ་ཁང་ཞིག་ཡོད་པ་དེར་ཁ་ཕྱོགས་ནས་སོང་ཞིང་། གཅེར་བུ་པའི་ལྷ་ཁང་གི་ཕྱི་རོལ་དུ་ཡུལ་མི་ཞིག་ཀྲོང་ངེར་ལངས་ནས་འདུག ཁོང་ལ་འདིའི་ནང་དུ་འགྲོ་ཆོག་མིན་དྲིས་པས་ཁོང་གིས་ལྷ་ཁང་གི་རྒྱབ་ཏུ་འགྲོ་དགོས་པའི་བརྡ་ལན་གནང་། ལམ་སྟོན་བཞིན་ལྷ་ཁང་གི་རྒྱབ་ཏུ་ཕྱིན། དེར་ཁང་བ་སྐྱོ་བོ་ཞིག་ཡོད་པ་དེའི་ནང་དུ་གཅེར་བུ་པའི་བླ་མ་ཞིག་བཞུགས་ཡོད་འདུག ངེད་གཉིས་ནང་དུ་འགྲོ་དགོས་བའི་བརྡ་ཕུལ། བླ་མའི་སྒོ་དྲུང་དེར་ཡང་མི་ཞིག་འདུག་པས་ཐད་ཀར་ནང་དུ་མ་བཏང་བར་སྐར་མ་ཁ་ཤས་ལ་སྒུག་དགོས་པ་རེད་ཟེར། ལྷམ་དེར་ཕུད་ནས་འགྲོ་ཆོག་ཆོག་བྱས་ནས་བསྡད། ངེད་གཉིས་སྒོ་དེར་སྡོད་སྐབས་ཁང་བ་གཞན་ཞིག་ནས་ཕོ་གསར་ཞིག་ཕྱི་རུ་ཐོན་ནས་ངེད་གཉིས་བརྙན་བླང་ཞིང་། ང་ནི་སྣང་མེད་ངང་བསྡད་པ་ཡིན། ནང་བའི་གྲྭ་བ་དེར་ཡོང་བ་དཀོན་པོ་ཡིན་པའི་ཚོར་སྣང་ངང་གིས་བྱིན། སྒོ་དེར་སྐར་མ་ཉི་ཤུ་མ་ཟིན་ཙམ་འགོར། དང་པོ་ནང་ནས་བླ་མས་དད་ལྡན་པ་ཚོར་ཆོས་བཤད་ཀྱིན་ཡོད་པའི་རྣམ་པ་ལྟ་བུའི་སྐད་གོ་ཞིང་། རིམ་བཞིན་བགྲོ་གླེང་གི་རྣམ་པ་ཞིག་ཏུ་གྱུར་ནས་སྐད་ཆེན་པོས་ཕན་ཚུན་ལ་བཤད་རེས་བྱེད་ཀྱིན་འདུག དེ་ནི་ང་ལ་མཚོན་ན་ཡ་མཚན་པ་ཞིག་བྱུང་། ང་ཚོ་བོད་པས་བླ་མས་ཆོས་གསུང་སྐབས་སློབ་མས་བླ་མ་ལ་རྩོད་པ་མི་རྒྱག་པས་ཡིན། འདིས་ནི་གནའ་རབས་ནས་རྒྱ་གར་ལ་ཆོས་ཀྱི་བགྲོ་གླེང་ཤུགས་ཆེན་པོ་ཡོད་པ་དེ་མཚོན་གྱིན་འདུག
དེ་ནས་ངེད་གཉིས་ནང་དུ་ཡོང་ཆོག་པའི་བརྡ་བཏང་ཞིང་།བོད་པའི་ལུགས་སྲོལ་ལྟར་གུས་འདུད་དང་བཅས་བླ་མའི་མདུན་སར་བཅར།གཅེར་བུ་པའི་བླ་མ་དེ་ཤིང་གི་མལ་ཁྲིའི་སྟེང་དུ་རས་ཙམ་ཡང་གདན་དུ་མེད་པ་ཞིག་གི་ཐོག་ཏུ་བཞུགས། བླ་མའི་སྐུ་མདུན་དུ་གསུང་རབ་ཡིན་པ་ལྟ་བུའི་དཔེ་ཆ་རྙིང་པ་དང་ཆོས་ལུགས་ཀྱི་ཕྱག་ཆ་འགའ་འདུག གཅེར་བུ་པ་ནི་གཅེར་བུ་པ་རང་རེད། ཁོང་ནི་གཅེར་བུར་པའི་ནང་ནས་ནམ་མཁའི་གོས་ཅན་གྱི་ཆོས་བརྒྱུད་འཛིན་མཁན་དེ་ཡིན་པ་རེད། ངེད་གཉིས་ནང་དུ་ཐོན་པ་དང་ཕོ་གསར་འགའ་ཡོང་ནས་བརྙན་ལེན་པ་དང་པར་རྒྱག་བཞིན་འཚབ་འཚུབ་ཆེན་པོ་བྱེད་ཀྱིན་འདུག བླ་མ་ལ་ངེད་གཉིས་ངོ་སྤྲོད་བྱས་པ་དང་། ཁོང་ལ་གུས་འདུད་བྱས་རྗེས་ངེད་གཉིས་ལས་བྲེལ་ཡོད་པས་མགྱོགས་པོ་ཕྱིར་ཐོན་བྱེད་རྒྱུའི་སྟ་གོན་བྱས། ཞབས་ཞུ་པས་འཚབ་འཚུབ་ངང་བླ་མ་ལ་ངེད་གཉིས་ལ་གནང་རྒྱུའི་དད་རྟེན་རྣམས་ཕུལ་བ་གོ་རིམ་ནོར་བ་ལྟ་བུ་བྱུང་བས་བླ་མ་རླུང་རྐྱང་ཙམ་ལང་བ་ལྟ་བུར་གྱུར། ངེད་གཉིས་ཀྱི་དཔྲལ་བར་ཚོན་དམར་པོ་ཞུགས་ནས་གཅེས་བུ་པའི་ཆོས་ཀྱི་མཚོན་རྟགས་དང་དར་ཆ་ཡོད་པའི་ཁ་བཏགས་ལྟ་བུ་ཞིག་དང་། ཤེལ་དཀར་ཕྲེང་བ་བཅས་གནང་བྱུང་། དེ་ནས་བླ་མའི་མདུན་ནས་ཕྱིར་ཐོན་བྱས་པ་ཡིན། ལྷ་ཁང་གི་ནང་དུ་མཇལ་ཁ་བཅར། ལྷ་ཁང་ཐོག་བརྩེགས་གཉིས་ཅན་ཞིག་དང་ལྷ་ཁང་གི་སྒོ་ཁྱིམ་ནང་དུ་ཆོས་གསུང་སའི་གདན་ཁྲི་ཞིག་གཤམས་འདུག ལྷ་ཁང་དང་གཅེར་བུ་པའི་སྟོན་པའི་སྐུ་བཅས་ལ་རྒྱས་སྤྲོས་གང་ཡང་མེད་པར་ཆེས་ཕལ་བ་ཞིག་རེད། ལྷ་ཁང་གི་ནང་དུ་དཔེ་ཆ་རྙིང་པ་དཔེ་སྒྲོམ་གང་འདུགཞལ་འདེབས་ཕུལ་སའི་ལྕགས་སྒམ་གྱི་ནང་དུ་སྒོར་བཅུ་བླུགས་པ་ཡིན།
དེ་ནས་ལྷ་ཁང་དང་ཁ་གྱེས་ནས་ཕྱི་རུ་ཡོང་། དད་རྟེན་རྣམས་རྩ་ཆེན་པོ་ཡིན་པའི་སྣང་བ་བྱུང་། འདི་ལྟར་གཅེར་བུ་པ་ཆོག་ཤེས་ཅན་དང་། དཀའ་ཐུབ་ལ་འབད་མཁན། འཚེ་མེད་ཞུ་བར་གནས་མཁན་ཞིག་ཡིན་པ་རེད།
明日藏历 སང་ཉིན་ལོ་ཐོ།
གཞིས་རྩེའི་དྲ་ཐོག
点击“阅读原文”,即可查看“视频”,也可寻找你想要的更多内容。。。