专栏名称: 日喀则在线
日喀则旅游 文化 交易 信息 交通 违章 音乐 便民电话等查询。360日喀则
目录
相关文章推荐
中国建筑  ·  创新建证美好→24节令之美·立冬 ·  昨天  
51好读  ›  专栏  ›  日喀则在线

【魅力藏文】དེང་སྐབས་བོད་ཀྱི་སློབ་གསོར་འཁྱུག་ཙམ་ལྟ་བ།

日喀则在线  · 公众号  · 西藏  · 2017-03-12 18:58

正文

 སེམས་པ་སྐྱོ་བའི་གཏམ་རྒྱུད་གླེང་ཚེ། རང་སེམས་ལ་འགྲེལ་མི་ཐུབ་ཡིག་ཚོགས་ཕུངས་འོང་། ང་ལ་མཚོན་ན། ༢༠༡༢ལོར་སློབ་ཆེན་མཐར་ཕྱིན་ནས་ཆབ་མདོ་ས་ཁུལ་ཞིང་འབྲོག་ཁུལ་དུ་དགེ་རྒན་གྱི་བྱ་བར་ཞུགས་པ་ཡིན། དང་ཐོག་སློབ་ཆུང་དེར་སླེབས་རྗེས།   ངས་དགེ་རྒན་གྱི་ཁྲིད་སྟེགས་སུ་འཛེགས་ནས་དྭངས་གཙང་ལྷད་མེད་ཀྱི་བྱིས་པ་འདི་ཚོར་ཀ་ཁའི་མེ་ཁ་གསོས། གནས་འདིར་སློབ་གསོའི་གནས་བབས་ཤིན་ཏུ་ཞན་པས། གནམ་རྒན་མས་ཀྱང་ང་གནས་འདི་རུ་སློབ་གསོའི་ལས་ཀར་བཏང་བ་འདྲ།  

       ཉིན་ཞག་རེ་རེ་སྡུག་བསྔལ་གྱིས་སྒྲོལ་རྗེས། གཞི་ནས་དགེ་རྒན་ཞེས་པའི་ཐ་སྙད་དེར་གོ་བ་གཞན་ཅིག་བླངས་ཐུབ་སོང་། དགེ་རྒན་ནི་འཇིག་རྟེན་འདིའི་སྟེང་ཆེས་དྭངས་གཙང་ལྡན་པ་ཞིག་ཡིན་དགོས་པ་མ་ཟད། སློབ་མའི་སེམས་ཁོངས་སུ་མིག་དཔེ་བཟང་པོ་འདོན་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དགེ་རྒན་གྱིས་སློབ་ཚན་སློབ་ཁྲིད་བྱས་པའི་ཞོར་དུ།  མི་གཞིས་སྐོར་གྱི་བསམ་བློའི་སློབ་གསོ་ནན་པོ་རྒྱག་རྒྱུ་ནི་ཆེས་ཐོག་མའི་སྔོན་འགྲོ་ཡིན་པ་འདྲ། མི་དང་མིའི་དབར་གྱི་ཁྱད་པར་གཙོ་བོ་དེ་མི་གཞིས་ཀྱི་སྟེང་ནས་དབྱེ་ཆོག་སྟེ། དེ་སྔོན་ཨ་རིའི་སློབ་གསོ་བ་ཞིག་གིས་བཤད་པ་ནང་བཞིན་༼ མི་གཞིས་དང་ཀུན་སྤྱོད་ཀྱི་བླ་སྲོག་བྲལ་ཚེ།འཛམ་གླིང་མཁས་པའི་རྒྱལ་པོ་ཡིན་ཡང་ཟོག་རོ་ཙམ་ལས་མ་འདས། ༽ཅེས་པ་ལྟར་གནས་བབས་འདི་ལྟ་བུའི་འོག ང་ཚོ་བོད་ཀྱི་སློབ་གསོ་ཕྱོགས་གང་ནས་ཡོང་གི་མི་འདུག་བཤད་ན། དུས་རབས་ཉེར་གཅིག་པའི་དུས་འགོ་ནས་བཟུང་། བོད་ཀྱི་དགེ་འོས་ཆེད་ལས་སློབ་མཐར་ཕྱིན་པའི་དགེ་རྒན་དག་ལ་བལྟས་ན། ཤེས་བྱའི་གནས་ཚད་ཤིན་ཏུ་ནས་ཟབ་ཅིང་སློབ་ཁྲིད་ཀྱི་གར་སྟེགས་སྟེང་དུ།  རྒྱ་བོད་ཨང་གསུམ་གྱི་སློབ་ཁྲིད་གང་བྱས་ཀྱང་།  མགྲིན་པ་གཟེངས་སུ་བཏེགས་ནས་ཁྲིད་ཤེས་ཀྱི་ཡོད། དེང་གི་སློབ་ཆེན་སློབ་མཐར་ཕྱིན་པའི་སློབ་མའམ་ཆེད་ལས་དག་ལ་ཕྱིར་མིག་ཙམ་འཕེན་ན། རང་རྒྱ་འཕེལ་བའི་སློབ་ཚན་གཅིག་ཀྱང་ཡག་པོ་ཞིག་སློབ་ཁྲིད་བྱེད་ཐུབ་ཀྱི་མེད། དེར་བརྟེན་བོད་ཀྱི་སློབ་གསོ་ཇི་ལྟར་བྱས་ནས་གོང་མཐོར་གཏོང་དགོས་ཞེ་ན། སྔོན་ལ་དགེ་རྒན་རང་ཉིད་ཀྱི་ཤེས་བྱའི་གནས་ཚད་གོང་མཐོར་གཏོང་དགོས་འདུག   སྤྱིར་བཏང་གི་གནས་བབས་འདི་ལྟ་བུའི་འོག དེང་གི་དུས་འདིར་མིའི་བསམ་བློའི་བྱང་ཚད། ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས། མཐར་གཏུགས་ཀྱི་རྒྱུ་མཚན་གཅིག་རང་ལས་མེད་དེ། དེ་ནི་སློབ་གསོའི་གནས་བབས་ཞན་པས་རེད་ལ། མི་སོ་སོའི་ནང་སེམས་ཀྱི་འཇིག་རྟེན་དངོས་པོའི་ལམ་དུ་ཞུགས་དྲགས་པས་རེད་སྙམ་འོང་།    རེ་རེ་བཞིན་བརྗོད་ན།

      གཅིག སློབ་གཉེར་དུས་སུ་སློབ་སྦྱོང་གི་འདུ་ཤེས་མེད་པས་རེད།

     སློབ་གཉེར་དུས་སུ་སློབ་སྦྱོང་ཡག་པོ་མི་བྱེད་པའི་ད་ལྟའི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ཉིན་མཚན་ལྟོས་མེད་ཀྱི་སེམས་པ་རྨུགས་རྒོད་དུ་ཤོར་ནས། རང་སེམས་རང་གིས་གཅུན་ཐུབ་ཀྱི་མེད་སྙམ། ང་ཚོའི་ཕ་མེས་ཚོར་དེ་ལྟ་བུའི་བསམ་བློའི་འདུ་ཤེས་ཡོད་དམ་བཤད་ན།     དེ་ནི་ཚང་མས་མཁྱེན་གསལ་རེད་ལ།  ངས་ཀྱང་དེ་རིང་དམིགས་སུ་དགར་ནས་བཤད་མི་དགོས། དུས་རབས་ཉེར་གཅིག་པ་ནི་ཚན་རིག་ཤེས་བྱ་ཚ་རླབས་རྒྱས་བའི་དུས་ཚིགས་ཤིག་ཡིན་དུས། ང་ཚོས་སྐར་གྲངས་ཁོ་ནས་རྒྱལ་ཕམ་ཐག་གཅོད་མི་བྱེད་པར། མི་གཞིས་ལེགས་པོ་ཞིག་སྐྲུན་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། སློབ་ཆུང་སློབ་མཐར་ཕྱིན་རྗེས་ཡིག་རྒྱུགས་སྐབས་སྦྱངས་འབྲས་གཟེངས་སུ་ཐོན་པའི་སློབ་མ་རྣམས་རང་གི་ཕ་མས་ཀྱང་ནང་སར་སློབ་སྦྱོང་བྱེད་དུ་གཏོང་གི་ཡོད། དོན་དེར་བསམ་བློ་ཞིབ་མོ་བཏང་ཚེ། རྣམ་དཔྱོད་མེད་པའི་ཁྱིམ་བདག་ཁག་ཅིག་གིས་རང་ཉིད་ཕྲུ་གུ་ནང་སར་རྒྱུགས་ཕྲོད་པ་དེ་ནི།  ཧ་ཅང་གི་རླབས་ཆེན་ཞིག་ཏུ་བརྩི་བཞིན་འདུག དོན་དེར་མིག་རྒྱང་རིང་པོའི་བསམ་བློ་ཡེ་ནས་མ་བཏང་བར། རང་ཉིད་ཀྱི་ཕྲུ་གུ་ནང་སར་སློབ་གཉེར་དུ་མངགས་ནས། མི་རིགས་ཀྱི་སྐད་ཡིག་ལ་སྣང་འཇོག་དེ་ཙམ་མི་བྱེད་པ་མ་ཟད། མིག་མདུན་གྱི་ཁེ་ཕན་ཁོ་ནར་ཞེ་ཐོགས་པའི་ཁྱེད་ཚོ་སྟེ། ཉིད་ཚོའི་བུ་ཕྲུག་སློབ་མཐར་ཕྱིན་རྗེས་ཁོའི་ལག་མཐིལ་ངོས་ཀྱི་བྱས་རྗེས་ངོ་མ་དེ། བོད་རིགས་གསོན་པོ་ཞིག་ཡིན་ཀྱང་། ཕ་སྐད་དག་མ་ཞིག་ཤེས་ཀྱི་མེད་པ་དེའང་ངས་ཁྱེད་ཚོའི་གཟི་བརྗིད་ཞིག་ཏུ་བརྩི་ཆོག་ཨང་།                                  

    ལྟོས་དང་། ཁ་ས་དེ་རིང་མིག་མཐོང་ལག་ཟིན་འབྱུང་དང་བྱུང་བཞིན་པའི་ལས་ཁུངས་ཁག་དང་ཡང་ན་སློབ་གྲྭ་ཁག་ལ་མིག་ཆེ་ཙམ་ལྟོས་དང་། རང་གི་བུ་ཕྲུག་གིས་འཇོན་ཐང་ངོ་མ་དེ་ངམ་ངམ་ཤུགས་ཤུགས་ཀྱིས་མངོན་ཡོང་། ༼ ང་དེ་སྔོན་སློབ་ཆུང་སྐབས་བོད་ཡིག་ཧ་ཅང་ཡག་པོ་ཡོད། སློབ་འབྲིང་ནང་སར་སློབ་གཉེར་དུ་ཕྱིན་པས། ད་ལྟ་བོད་ཡིག་ཀ་མད་སུམ་ཅུའང་ཡག་པོ་ཞིག་ཤེས་ཀྱི་མི་འདུག དེ་བས་བོད་སྐད་དག་མ་ཞིག་ཀྱང་ཤོད་ཐུབ་ཀྱི་འདུག དེ་མིན་མི་གཞན་གྱིས་བོད་སྐད་བཤད་ཚེ་ངས་རྒྱ་སྐད་ཀྱི་ཐོག་ནས་ལན་འདེབས་ཀྱི་ཡོད། ༽ ཡག་པོ་རེད་རང་ཨང་། དེ་ལྟ་བུའི་གནས་བབས་འོག་བོད་རིགས་ཀྱི་གཞུང་ཞབས་པ་རྣམས་ཀྱི་ངོ་རིས་ངོ་མ་དེ་མཐོང་འོང་།    

      རྒྱལ་ཁབ་ཀྱི་༢༠༠༥ལོའི་ཟླ༥པའི་ཚེས༣ཉིན་ནས་ལག་ལེན་དུ་བསྟར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་གཏན་འབེབས་ནང་༼ ཧུའུ་ཅིན་ཐའོ་ཡིས་༢༠༠༥ལོའི་ཟླ༥བའི་ཚེས༢༧ཉིན། ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་དང་། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་ནམ་ཡང་ན་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ། ༽ ཞེས་པ་ལྟར་ང་ཚོར་དེ་ལྟ་བུའི་སྲིད་ཇུས་ལེཊ་པོ་ཞིག་ཡོད་ཀྱང་། ཉམས་ལེན་མི་བྱེད་ནི་ང་ཚོའི་ནོར་འཁྲུལ་ཆེ་ཤོས་ཤིག་རེད།

     གཉིས། མི་བུ་སོ་སོར་རྣམ་དཔྱོད་ཀྱི་ཤེས་རབ་མེད་པས་རེད།

     དེང་སྐབས་བོད་ཀྱི་གཞོན་སྐྱེས་རྣམས་ལ་རྣམ་དཔྱོད་ཀྱི་བློ་མིག་མེད་སྟབས།  ཤེས་རིག་སྦྱངས་དགོས་པའི་དམིགས་བྱ་དབེན། རིག་པས་བདེན་པ་སྐྱོང་བ་ནི་འཇིག་རྟེན་འདིའི་ཆོས་ཉིད་དུ་གྲུབ་པས། ང་ཚོས་བློ་དཀར་གཞུང་དྲང་གི་ལམ་དུ་ཞུགས་ནས་སློབ་སྦྱོང་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེན་པོར་མཐོང་། དེང་གི་དུས་འདིར་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་གཅིག་འགྱུར་གྱི་སྐད་གཉིས་སློབ་གསོའི་སྐོར་དར་སྤེལ་གཏོང་དགོས་ཞེས་བཤད་བཞིན་དུ། ང་ཚོས་དོན་འཁྱོལ་ཡག་པོ་བྱེད་ཀྱི་མེད། ཤོག་དཀར་ངོས་ཀྱི་ནག་ཐིག་ལྟ་བུའི་ཡིག་ཆ་དག་ལ་བལྟས་ནས་མནོ་བསམ་ཞིབ་མོ་ཡེ་ནས་གཏོང་གི་མེད། ད་དུང་ཁྱིམ་བདག་ལུག་འདྲ་བ་དེ་ཚོས། ངའི་ཕྲུ་གུས་རྒྱ་སྐད་ཡག་པོ་ཤེས་ཀྱི་འདུག་ཅེས་དགའ་ཚོར་གྱིས་དེ་ལྟར་བཤད་ཀྱི་འདུག རྒྱ་སྐད་ཤེས་པ་དེ་ཁྱེད་ཚོའི་ཕྲུ་གུའི་གཟི་བརྗིད་ཡིན་པས། ངས་ཀྱང་རླབས་ཆེན་གྱི་གཟི་བརྗིད་རང་དུ་བརྩི་ཆོག      

      གསུམ། ཕུགས་བསམ་གྱི་ཐ་སྙད་དེར་ངེས་ཤེས་འདྲེན་མི་ཐུབ་པས་རེད།

      ང་ཚོར་ཚང་མར་ཕུགས་བསམ་ཆེ་ཆུང་མང་པོ་ཡོད་པ་རེད། སྔོན་ལ་ཆུང་བ་ནས་གླེང་ཡོང་ན། ༡ ངས་ཉེན་རྟོག་པ་ཞིག་བྱས་ཏེ། མི་དམངས་མང་ཚོགས་རྣམས་ལ་ཚུལ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་། ༢ ངས་དགེ་རྒན་ཞིག་བྱས་ཏེ། རྨོངས་འཐོམ་གྱི་བྱིས་པ་རྣམས་ལ་འོད་ཟེར་གྱི་ལམ་བུ་ཁྲིད། ༣ ངས་སྨན་པ་ཞིག་བྱས་ཏེ། ནད་ཀྱིས་མནར་བའི་སྐྱེ་འགྲོ་རྣམས་བདེ་པའི་ལམ་དུ་བརྫངས་དགོས། ༤ ངས་གཞུང་ཞབས་པ་ལེགས་པོ་ཞིག་བྱས་ཏེ། དམངས་ཀྱིས་དཀའ་སྡུག་རེ་རེ་བཞིན་སེལ་འདོད།  ༥ ངས་ལས་ཀ་ཡག་པོ་ཞིག་བྱས་ཏེ། ཕ་མ་གཉིས་སྐྱིད་ཅིང་རྒྱགས་པའི་འཚོ་བར་རོལ་དུ་བཅུག་ངེས། ད་ལྟ་ཁྱེད་ཚོས་ཕུགས་བསམ་ག་ཙམ་བསྒྲུབ་ཐུབ་སོང་། སློབ་ཆེན་ཐོན་པ་དང་རེ་བ་རླུང་བུས་འཁྱེར་སོང་ངམ། ལས་ཀའི་སྐས་ལ་འཛེགས་རྗེས་མགོ་མཇུག་ལྡོག་པའི་བྱ་བ་ཤ་སྟག་བྱས་ཏེ། རང་ངོ་རང་གིས་མཐོང་གི་འདུག་གམ། མི་དམངས་མང་ཚོགས་ཀྱི་ཆེད་དུ་དཀའ་ལས་ཁག་བྱུང་ངམ། སྡུག་ཡུས་དང་སྨྲེ་ངག་ག་ཚོད་དོན་སོང་། རེད། ང་ཚོར་མཐུན་རྐྱེན་མེད་ཁར་འགལ་རྐྱེན་མང་གིས། རྟག་ཏུ་གོ་མེད་ཚོར་མེད་ཀྱི་ལས་ཀས་རྡོག་ལམ་ཡང་མཐོང་གི་མི་འདུག དཀའ་ལས་ཁག་ཀྱང་ཁག་ཁྲི་དང་སྐྱོན་འཛུགས་བྱེད་ས་གང་ཡང་མེད། ཡོད་ཚད་རང་གི་ལྟོ་བའི་ཆེད་དུ་ཡིན་པས་ཇི་ལྟར་དཀའ་ཡང་རང་སྡུག་རང་གིས་མྱོས་པ་རེད། ཀི་རེ་བཏབ་ནས་སྐད་ཆ་བཤད་ན། བདེན་པ་ཨག་ཕྲག་ཏུ་བཅུག་པའི་དུས་ཚིགས་ཤིག་ལ་རྗེས་དྲན་བྱེད་ཆོག སྙིང་ཉེ་བའི་མི་ཡ། ང་ཚོར་ཡོད་པ་ནི་བྱས་བྱས་བཏང་བཏང་མང་པོ་ཞིག་ཡོད་པ་རེད།      སེམས་ལ་བསམས་པས་བར་སྣང་ལ་རྟ་རྒྱུགས་འདོད་ཀྱང་དོན་དམ་པའི་སྦར་ངོས་སུ་སོ་ཐེབས་སོང་ངམ། དུས་རབས་ཉེར་གཅིག་པའི་བོད་ཀྱི་གཞོན་ནུ་ཚོ། དེ་འདྲ་རེད་དམ། དམིགས་ཡུལ་གང་ཡང་མེད་པའི་གོམ་པ་སྤོས་ཚེ།     མི་ཚེར་དྲི་རྟགས་མང་བས། དེ་དོན་མགོ་བོ་དགྱེ་ཙམ་བྱས་ནས་རྔོ་ཐོགས་པའི་ལས་ཀ་བགྱིས། ང་ཚོ་ནི་དུས་རབས་འདིའི་བདག་པོ་ཡིན་པས། ཤེས་རིག་གི་ལམ་དུ་མཆོངས་དགོས། ཤེས་རིག་ནི་དོན་དམ་དུ་བདེན་པ་ཡིན། རིག་པས་བདེན་པ་སྐྱོང་བ་ནི་འཇིག་རྟེན་པའི་ཆོས་ཉིད་ཡིན་པས། བློ་གཟུར་བོར་གནས་ཤིང་ཕུགས་བསམ་དང་། བདེན་པའི་ཆེད་དུ་རང་ངོ་རང་གིས་མཐོང་བར་འབད་དགོས་འདུག

     གཞན་ཡང་ཕུགས་བསམ་ཆེ་བ་གླེང་ཚེ། རང་ལས་དང་དུ་བསྒྲུབ་པའི་ཞོར་དུ་མི་རིགས་ནས་རྒྱལ་ཁབ། རྒྱལ་ཁབ་ནས་འཛམ་གླིང་ཞི་བདེར་ཕྱོགས་པ་ནི། ཆེད་བླ་ན་མེད་པའི་ཕུགས་བསམ་རེད་སྙམ་འོང་། འོན་ཀྱང་རླབས་ཆེན་གྱི་ཕུགས་བསམ་གནས་སྐབས་སྐྱུར་ཞོག ང་ཚོའི་ད་ལྟའི་གནས་བབས་ལ་བལྟས་ན་མིག་མདུན་གྱི་བྱ་བ་ཆུང་ངུ་དེའང་བསྒྲུབ་ཐུབ་ཀྱི་མེད་པས། རླབས་ཆེན་གྱི་ཕུགས་བསམ་གླེང་ཚེ། ངའི་དྲན་པ་མོག་པོར་གྱུར་འགྲོ

    བཞི། རིག་པས་བདེན་པ་སྐྱོང་བའི་གནས་ལུཊ་ལ་ངོས་འཛིན་མི་ཐུབ་པས་རེད།

    ང་ཚོས་གང་ཞིག་གི་ཆེད་དུ་སློབ་སྦྱོང་བྱེད་དམ། ཡང་སྙིང་སློབ་སྦྱོང་བྱེད་དགོས་པའི་དམིགས་ཡུལ་གང་ཡིན་ནམ། རྒྱུ་མཚན་དེར་བསམ་བློ་ཞིབ་ཏུ་བཏང་ཚེ། བདེན་དང་བདེན་པ་བརྡར་ནས། འཇིག་རྟེན་འདིིའི་ཆེས་དྭངས་གཙང་གི་ལམ་བུ་ཞིག་འཚོལ་རྒྱུ་ནི། མི་བུ་ཚང་མའི་འོས་འགན་རེད་ལ།འདིར་དམིགས་སུ་དགར་ནས་བཤད་རྒྱུ་ཅང་མེད། ད་ལྟའི་བོད་རིགས་སློབ་མ་དག་ལ་གཟན་རྩྭ་རྐྱང་རྐྱང་སྦྱིན་ན་ཡོང་གི་མ་རེད་སྙམ། དེ་སྔོན་རོང་འབྲོག་ཁུལ་དུ་བསླབ་དེབ་རྒྱ་ཡིག་ཕུད་པའི་དེ་བཞིན་རྩིས་རིག་དང་། བསམ་བློ་ཀུན་སྤྱོད་རང་བྱུང་སོགས་བོད་ཡིག་རང་གི་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད། དེང་གི་དུས་འདིར་སྒེར་གཅོད་རེ་འགས།  མིག་མདུན་གྱི་ཁེ་ཕན་ཁོ་ནར་གཞིགས་ཏེ། རྩིས་རིག་དང་དེ་བཞིན་བསམ་བློ་ཀུན་སྤྱོད་སོགས། ཐད་ཀར་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱས་ན་བཟང་རབ་སོགས་མང་པོ་བཤད་དེ།     དེ་ལྟར་ལམ་ལུགས་ཆུང་ཆུང་རེད་ཟེར་ན་ཆེན་པོར་བཟོས་སོང་། དེང་སྐབས་རོང་འབྲོག་གི་སློབ་གསོའི་གནས་སྟངས་ལ་བལྟས་ན། བསླབ་གཞི་ཚང་མ་རང་ལྗོངས་ཀྱི་གཅིག་གྱུར་བསླབ་གཞི་ལ་བསྒྱུར་ན། གཅིག་ནས། སློབ་མའི་བསམ་གཞིག་གི་ནུས་པ་གོང་མཐོར་འགྲོ་བ་མ་ཟད། མི་གཞིས་གསོ་སྐྱོང་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། གཉིས་ནས། བོད་ཡིག་རང་གིས་ཐོག་ནས་རྩིས་རིག་དང་བསམ་བློ་ཀུན་སྤྱོད་སོགས་སློབ་ཁྲིད་བྱས་ན། བོད་ཡིག་གི་ཐ་སྙད་མང་པོ་བོར་བརླཊ་འགྲོ་གི་མ་རེད། གསུམ་ནས། བོད་ཡིག་རང་གི་རྨང་གཞི་ཇེ་ཟབ་ཏུ་འགྲོ་བའི་རྒྱུ་རྐྱེན་ཡག་ཤོས་དེ་ཡིན་པས། ང་ཚོས་བསམ་བློ་ཞིབ་མོ་གཏོང་དགོས་འདུག མིག་རྒྱང་རིང་པོའི་བསམ་བློ་བཏང་ནས་མིག་མདུན་གྱི་ཁེ་ཕན་ཁོ་ནར་ཤི་འཐམ་རོ་འཐམ་མ་བྱེད་རོགས།

     ལྔ། ཡར་བསྐྱེད་ཀྱི་བསམ་བློའི་རྒྱགས་ཕྱེ་མེད་པས་རེད།      

      ཡར་སྐུལ་དང་ཡར་བསྐྱེད་གླེང་ཚེ། ཁ་ས་དེ་རིང་གི་ཁ་ཤོབ་དང་འུར་གཏམ་དྲན་འོང་། མ་ཤེས་ཀྱང་ཤེས་མདོག་བྱེད་པ། མ་འཇོན་ཡང་འཇོན་མདོག་བྱེད་པ། ཉ་མོ་ཆུ་དང་མཉམ་དུ་འཚོ་ཡང་། དོན་དུ་ཆུ་ཡིས་ཉ་མོ་གདུ་བཞིན་ཡོད། བསམ་བློ་རྒྱང་དུ་འཕེན་ནས། ཙི་ཁུང་ནང་དུ་མེ་ལོང་ལྟ་བའི་དུས་ཚིགས་འདི་དོར་དགོས་འདུག སློབ་མས་མི་བྱེད་ཤེས་མིན་དེ།  དགེ་རྒན་དང་ཁྱིམ་བདག་གཉིས་ཀར་འགན་འཁྲི་ཡོད་ཀྱང་། བ་གླང་གི་འགྲོ་འདུག་སྤྱོད་གསུམ་སློབ་མཁན་གཙོ་བོ་དེ་དགེ་རྒན་ཡིན་པས། དགེ་རྒན་རང་ཉིད་ལ་ལྡན་དགོས་པའི་ཆ་རྐྱེན་བཞིན། སློབ་མར་མིག་དཔེ་ཡག་པོ་འདོན་དགོས། ཤེས་བྱའི་གནས་ལ་ཐོགས་པ་མེད་པ། ཀུན་སྤྱོད་གཙང་ཞིང་ཞི་དུལ་བག་ཡོད་ལྡན་པ་བཅས་དགོས་ཀྱང་། དགེ་རྒན་རང་ཉིད་ཀྱི་བསམ་བློའི་ཕུགས་ལམ་འདི་བདེན་པ་བདེན་ཐུབ་ཞིག་མིན་ན། དེ་ནི་སློབ་གསོ་སློབ་ཁྲིད་ངོས་ཀྱི་སྐྱོ་གར་ཆེ་ཤོས་དེ་ཡིན་པས། ༼ སློབ་ཐབས་ལམ་རྣམ་བཤད་ ༽ལས། དེ་རིང་དགེ་རྒན་སློབ་མ་ལས་ལྷག་ཀྱང་། སང་ཉིན་སློབ་མ་དགེ་རྒན་ལས་ཅིས་ནས་ཀྱང་རྣམ་པར་རྒྱལ་དགོས། ཞེས་པ་ལྟར། དེ་ལྟ་བུའི་ནུས་ཤུགས་གང་ཡོད་འདོན་དགོས་པ་འདྲ།

    ༢༠༡༧ལོའི་རྒྱ་ཟླ་༡པོའི་ཚེས་༡ཉིན། རྡོ་བའི་གྲོང་རང་ཤག་ཏུ་སྦྱར་རོ།