ཕྱུགས་རིགས་ཀྱི་འོ་མ་ལས་བྱུང་བའི་མར་ནི་འཛམ་གླིང་ཐོག་ཕལ་ཆེར་འུ་ཅག་བོད་རིགས་ཀྱི་འཚོ་བའི་ནང་དུ་སྤྱོད་མཁོ་མང་ཤོས་ཡིན་ཤས་ཆེ།ཡིན་ནའང་ང་ཚོའི་མེས་པོ་ཚོས་མར་གྱི་དབྱེ་བ་དང་རོ་ནུས་ཞུ་རྗེས་སོགས་ལ་འདི་ལྟ་བུའི་ཉམས་ཞིབ་གནང་ཡོད་པ་དེང་གི་ཆར་ཤེས་མཁན་དཀོན་ཙམ་རེད།བོད་ལུགས་གསོ་རིག་གི་གཞུང་ལུགས་ནང་དུ་འཁོད་པ་ལྟར་ན།
1
མར་གསོས་པ་ནི་བསིལ་ཞིང་ཟུངས་འཕེལ་བར་བྱེད་པས་འདོད་པའི་རོ་ཙ་བར་བྱེད་ལ།མདོག་དང་སྟོབས་སྐྱེད་ཅིང་མཁྲིས་ཚད་སེལ་བར་བྱེད་དོ།
2
ལོ་འཁོར་བའི་མར་རྙིང་པས།སྨྱོ་བྱེད་དང་བརྗེད་བྱེད།བརྒྱལ་བ་དང་འབོགས་པ་རྣམས་ལ་ཕན་པ་མ་ཟད་རྨ་གསོ་བ་ཡིན་ནོ།
3
ཞུན་མར་ཞེས་མེ་སྟེང་དུ་སྐོལ་བའི་མར་གྱིས་བློ་རྣོ་དྲན་པ་གསལ།དྲོད་དང་ལུས་ཀྱི་སྟོབས་སྐྱེད།ཚེ་འཕེལ་བ་སོགས་མདོར་ན་སྣུམ་གྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན།
4
ཟོ་མར་ཞེས་ཟོ་བའི་ལྡེབས་ལ་ཆགས་པའི་མར་གྱིས་བད་རླུང་སེལ་ཞིང་མེ་དྲོད་སྐྱེད་དོ།
5
འབྲི་མར་དང་ལུག་མར་གྱིས་དྲོད་སྐྱེད་ཅིང་གྲང་རླུང་སེལ་ལོ།
6
མཛོ་མར་ནི་བསིལ་དྲོད་སྙོམས་ཤིང་།བ་དང་རའི་མར་ནི་བསིལ་བས་རླུང་ཚད་ལྡན་པ་སེལ་ལོ།
7
ཏིལ་གྱི་མར་ནི་ནུས་པ་ཚ་ཞིང་རྣོ།སྣུམ་པའི་ཡོན་ཏན་གྱིས་ལུས་ཟུངས་འཕེལ་ལ་སྐེམ་པོའི་ཤ་སྐྱེད་ཅིང་།ཚ་རྣོ་དང་ལྡན་པས་ལྷག་པར་སྦོམ་པའི་བད་ཚིལ་འབྲི་ལ་ལུས་མཁྲེགས་པར་བྱེད།བད་རླུང་སེལ་ལོ།
8
རྐང་མར་གྱིས་རླུང་འཇོམས་ཤིང་།ཁུ་བ་དང་སྟོབས།བད་ཀན་བསྐྱེད་དོ།
9
ཤིང་མར་ཏེ།ཁྲོམ་རའི་ནང་དུ་བརྡ་ཁྱབ་མང་པོ་གཏོང་བའི་ཤིང་མར་དེ་རིགས་ལ་ཕན་གནོད་ཀྱི་གསལ་འགྲེལ་ཅི་ཡང་མེད་དོ།