ཤངས་ཕུན་ཁང་བསྟན་འཛིན་བཀྲིས།
ཤི་བ་ནི་ཕྱོགས་སུ་ཐོན་པ་དང་མི་འདྲ་བར།
ཤི་བ་ནི་ནམ་ཡང་མི་ཡུལ་དང་གཏན་དུ་བྲལ་སོང་བ་རེད།
ང་རང་ཤི་རྒྱུར་ཅི་ཡང་མི་སྐྲག་པའི་གླེན་ལྐུག་ཅིག་ཡིན་ཕྱིར།
ངས་དགེ་སྡིག་གི་བླང་དོར་མ་ཤེས་པར་གང་བྱུང་དུ་སྡིག་པའི་ལས་ངན་ཁོ་ན་བྱས།
ལོ་ན་གཞོན་དུས་ངས་ཤི་ཟེར་བའི་གཏན་ཚིག་དེ་ང་དང་འབྲེལ་བ་གཏན་ནས་ཡོད་མི་སྲིད་བསམ་ནས།
ཉི་མ་རེ་རེའི་དུས་ཚོད་དང་ཟླ་བ་རེ་རེའི་དུས་ཚོད། ཐ་ན་ཕོ་ལོ་ཉི་ཤུ་ལྷག་གི་དུས་ཚོད་མང་དག་ཅིག་ནམ་ཟླ་ཟད་པའི་སྦྲང་མ་བཞིན་གར་སོང་ཆ་མེད་དུ་སོང་།
ཆུང་དུས་ངས་ཤི་ཟེར་བའི་སྐད་ཆ་དེ་ལོ་ན་འགྲེས་དུས་མ་གཏོགས་ཡོད་མི་སྲིད་བསམ་པའི་ཡིད་ཆེས་གཏན་པོ་ཡོད།
མ་ཟད།
ན་གཞོན་རེ་རེ་ཙམ་གྱིས་ཁ་ནས་མ་ཎིའི་མཆོད་དབྱངས་འདོན་པ་མཐོང་དུས།
ཡ་མཚན་དང་ཀུ་རེའི་ཚུལ་དུ་ཁྱེད་ལོ་རྒད་སོང་བ་ཡིན་ནམ་ཡང་ན།
ཞེས་དྲི་བ་མཚོན་བྱེད་ཀྱི་ཕྱ་དམོད་བྱེད་པ་ཐེངས་རེ་གཉིས་མིན།
བགྲང་བྱེའི་འཁོར་ལོ་གོར་གོར་དུ་འཁོར་ཐེངས་རེར།
ངའི་མིག་མདུན་གྱི་བྱིས་པ་ལོ་ཆུང་དང་གཞོན་ནུ་དར་མ། ཕོ་གསར་དང་མོ་གསར། རྒད་པོ་དང་རྒད་མོ་སོགས་ཅི་རིགས་ཅི་བྱུང་མང་དག་ཅིག་རང་དབང་ཡེ་ནས་མེད་པར་ལུས་ལ་ནད་གཞི་དང་རྐྱེན་གོད་མང་པོའི་གེགས་ཆགས་ཀྱི་མི་ཡུལ་ནས་ཁ་བྲལ་སོང་དུས།
སྐབས་སུ་ང་རང་ཡང་ཡིད་མ་ཆེས་ཀྱི་བྲང་ཁར་ཁུ་ཚུར་རེ་རྡུང་མྱོང་།
སྙིང་རྗེ་མེད་པའི་འཁོར་བ་འདི་ནས།
མདང་སོང་སྐྱེས་པའི་བྱིས་པ་དམར་འབྱར་དེ་དང་ཁ་སང་རྩེས་མོར་རོལ་བའི་བྱིས་པ་རྣབས་ལུད་ཅན་དེ། ད་དུང་ལང་ཚོའི་ཁོ་ལག་དར་ལ་རྒྱས་པའི་ཕོ་གཞོན་དེ་དང་མོ་གཞོན་དེ། ད་དུང་སློབ་གྲྭ་ཆེན་མོ་ཐོན་ནས་སང་ཉིན་ལས་གནས་ལ་འགྲོ་རན་པའི་གྲོང་པའི་གཞོན་པ་གཞོན་མ་དེ་དག
ཅིའི་ཕྱིར་གློ་བུར་དུ་ཤི་སོང་བ་རེད།
ཅིའི་ཕྱིར་མི་ཡུལ་འདི་ནས་གཏན་དུ་བྲལ་སོང་བ་རེད།
ང་ངོ་མ་ཡིད་ཆེས་ཐབས་བྲལ།
དེ་རིང་ཁ་སང་།
ངའི་མིག་མདུན་གྱི་བྱིས་པ་དང་ན་གཞོན། རྒད་པོ་རྒད་མོ་སོགས་མང་དག་ཅིག་བསྐལ་ངན་ནད་ཀྱི་མནར་བ་དང་ལས་ངན་གེགས་ཀྱིས་རྡུང་ནས་ཤི་འགྲོ་བ་མཐོང་དུས།
མི་བཟོད་རྡུང་བརྔལ་སེམས་ཀྱི་ཁོང་དུ་སྟིམ་ནས།
རང་དབང་མེད་པའི་མིག་ཆུའི་དོ་ཤལ་ལྷུང་ལྷུང་རྦབ་ཆུ་བཞིན་དུ་བཞུར།
མི་ཡུལ་འདི་ན་བདེ་བ་ཟེར་བའི་སྐལ་བཟང་གཅིག་དང་དགའ་བ་ཟེར་བཏང་སྙོམས་གཅིག་ཡེ་ནས་མི་འདུག་དྲན་སོང་།
ངའི་ཨ་མ་འཆི་སོང་ལ།
ངའི་སྤུན་ཉེ་ཡང་འཆི་སོང་།
ད་དུང་ངའི་གྲོགས་པོ་འཆི་སོང་།
ཐ་ན་ངས་ངོ་ཤེས་པ་དང་མ་ཤེས་པའི་མི་མང་དག་ཅིག་ངའི་མིག་མདུན་ནས་འཆི་སོང་།
ངའི་རྣ་འགྲམ་ནས་འཆི་སོང་།
ཐ་ན་རེ་རེ་ཙམ་ངའི་ལག་འོག་ནས་འཆི་སོང་།
སྨན་པའི་ལས་དེ་ངོ་མ་བཟོད་ས་མ་རེད།
ང་རང་སྨན་པ་བྱས་པའི་ཉིན་དེ་ནས།
ཤི་ཟེར་བའི་གཏན་ཚིག་དེ།
ཉིན་མཚན་དབྱེར་མེད་དུ་ངའི་མིག་མདུན་དང་རྣ་འགྲམ་དུ་བཏགས་འདུག
དུས་དེ་ནས་བཟུང་ང་ལ་ལྷོད་ལྷོད་ཟེར་བའི་སྐབས་ཤིག་དང་དལ་དལ་ཟེར་བའི་དུས་ཤིག་གཏན་དུ་བྲལ།
ང་ཤི་དུས།
ཧ་ཅང་དབེན་པའི་གནས་ཤིག་ཏུ་ཁུ་སིམ་མེར།
འཇམ་ཐིང་ངེར།
ཡོད་ཚད་ལ་ཞེན་ཆགས་དང་རེ་འདོད་མེད་པར་ཆར་རྗེས་ཀྱི་འཇའ་རིས་བཞིན་ཡལ་འདོད།
མི་ཡུལ་འདིར།
ངས་སྡིག་པ་ག་ཚོད་བསག་པར་སྡིག་བཤགས་དང་དགེ་བ་ག་ཚོད་བསག་པར་དགེ་བསྔོ་ལེགས་པར་བྱས།
ཆད་པ་དག་ཕར་སྤྲོད།
ལྷག་པར་དག་ཚུར་ལེན།
ཡོད་པ་དག་འབྱོར་མེད་ལ་སྦྱིན་པ་བཏང་།
དམར་ཧྲང་ངེར།
ཅི་ཡང་མེད་པར།
སྟོང་སང་ངེར།
གང་ཡང་མེད་པར།
ཞེན་ཆགས་དང་བདག་འཛིན་གྱི་སེམས་ངོ་སྤང་སྟེ།
ཤི་དམྱལ་བའི་ཡུལ་དུ་སྤྱན་རས་གཟིགས་དང་མགོན་པོ་འོད་དཔག་མེད་པ་སོགས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་མཇལ་བར་འགྲོ།
ང་ཤི་རྗེས།
ངའི་རྗེས་སུ།
སྐྱོ་གདུང་གི་མིག་ཆུ་གཏོང་རིན་མེད་ལ།
མཆོད་མར་གྱི་སྒྲོན་མེ་སྤོར་རིན་མེད།
དེ་བས་གསེར་དངུལ་གྱི་མཆོད་ཡོན་བྱ་རིན་རྩ་བ་ནས་མེད།
ང་ནི་མི་ཕལ་པ་ཕལ་པ་ཡིན་པས།
ང་རང་གི་དགེ་སྡིག་ཅི་ཡོད་ང་རང་ཁྱོག་པའི་ཡིད་ཆེས་དང་དམ་བཅའ་འཕག་མཆོག་སྤྱན་རས་གཟིགས་ཀྱི་སྐུ་མདུན་ནས་བཞག་མྱོང་།
ཤི་དམྱལ་བའི་ཡུལ་དུ་སླེབས་དུས།
ང་རང་གི་མི་ཡུལ་དུ་ལས་ངན་ག་རེ་བསག་པ་རེ་རེ་བྱས་ནས་ལན་གློན་བྱེད་དགོས་པ་ལས། སུ་དང་གང་གིས་སྐྱབས་རོགས་ཨེ་ཡོང་བསམ་པས་དོགས་པ་ཞིག་ང་ལ་ཡོད།
ཤི་དམྱལ་བའི་ཡུལ་དུ་སླེབས་དུས།
ང་རང་མི་ཡུལ་དུ་བྱས་པའི་དགེ་བའི་ལས་ཅི་ཡོད་གང་དག་གི་བསྔོ་བ་ལ་དཔགས་པའི་འབྲས་བུ་ཡོད་ངེས་པའི་ཡིད་ཆེས་ཡང་གཏན་པོ་ཡོད།
ང་ཤི་དུས།
ངའི་ཟག་ཕུང་དེ་མེ་ལ་མ་བསྲེག་རོགས།
ས་ལ་མ་སྦས་རོགས།
ངའི་ཕུང་པོ་དེ་རི་ཁའི་རྒོད་ལ་གཏོར་རོགས་གནང་།
ཡང་ན། ཆུ་ནང་གི་ཉ་ལ་སྦྱིན་རོགས་གནང་།
ང་ཤི་སོང་བ་དེ་འདྲ་རེད།
བླ་མ་མཁྱེན།
ད་བར་དུ་མི་ཡུལ་འདིར་ཞེ་སྡང་དང་ཕྲག་དོགས། ང་རྒྱལ་ཁོ་ནའི་དབང་གི་ལུས་ཀྱི་ལང་ཚོ་ཟད།
དུས་ད་ལྟ་ལུས་ཀྱི་ཟུངས་ཟད་ནས།
ལུས་གུག་པོར་གྱུར།
ཤ་རིད་པོར་གྱུར།
པགས་པ་གཉེར་མས་བསླུབས།
ནག་སྣུམ་གྱི་པ་ལོའི་རལ་པ་དུང་ལྟར་དཀར་པོར་གྱུར།
མཛེས་བྱེད་ཀྱི་མདུན་སོ་བརྒྱད་པོ་ས་ལ་ལྷུང་།
མིག་གི་གཟུགས་མི་མཐོང་།
སྣ་བས་དྲི་མི་ཚོར།
རྣ་ལྕོག་གིས་སྐད་མི་གོ
ལྕེས་རོ་མི་ཚོར་བ་སོགས་འབྱུང་བ་ལྔ་པོ་གཅིག་གི་གཅིག་ལ་འཐིམ་ནས་ཁྱེད་ཀྱི་གཅེས་ཤིང་འོས་པའི་ལུས་པོ་དེ་གཏན་ནས་ཚོར་བ་མེད་པར་བེམ་པོ་ཞིག་ཆགས་དུས་ཁྱེད་རང་མི་ཡུལ་ནས་ཕྱིན་ཚར་བ་རེད། ཤི་ཚར་བ་རེད།
བླ་མ་མཁྱེན།
མགོན་པོ་འོད་དཔག་མེད་ཀྱི་མཁྱེན༔
འཕག་མཆོག་སྤྱན་རས་གཟིགས་མཁྱེན༔
ང་འཆི་བ་ལ་བར་ཐག་དེ་ཙམ་མི་འདུག་པས།
དགེ་སྐུལ་རེ་བྱ་ཐུབ་ན་སྙམ་གྱི་ཡོད།
འཆི་བ་ནི་མི་རྟག་པ་རེད།
འཆི་རྐྱེན་ནི་ངེས་མེད་རེད།
ནམ་འཆི་ནི་ཆ་མེད་རེད།
ཨོཾ་མ་ཎི་པདྨེ་ཧྰུྃཿ