སྤྱི་ལོའི་སྔོན་གྱི་ལོ་70པར། རོ་མ་བས་ཡ་ཧུ་དཱ་པའི་གྲོང་ཁྱེར་ཡེ་རུ་ཤ་ལེམ་ཐལ་བའི་རྡུལ་དུ་བརླགས། སྤྱི་ལོ་1881ལོར། རྨི་ལམ་ལྟ་བུའི་ཕུགས་འདུན་ཞིག་གི་སླད་དུ། གདེང་དྲོད་ཀྱི་གོ་མཚོན་ཐོགས་པའི་ཕོ་གཞོན་ཞིག་ས་སྒང་རིལ་མོ་འདིའི་བྱང་མཐའ་ནས་ལམ་ལ་ཆས་ཏེ་ཡ་ཧུ་དཱ་པ་རྣམས་འདུས་སྡོད་བྱེད་སའི་གྲོང་ཁྱེར་ཕ་ལེ་སི་ཐན་དུ་སླེབས། ཁོང་གི་མིང་ལ་ཨེ་ལས་ཙུ་པིན་ཡེ་ཧོ་དཱ་ཞེས་འབོད་ཅིང༌། ཨུ་རུ་སུར་སྡོད་པའི་ཡ་ཧུ་དཱ་པ་ཞིག་ཡིན། ཁོང་གིས་རང་གི་ནང་མི་རྣམས་ཁྲིད་དེ་ལམ་བར་གྱི་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་ཆ་མེད་རྒྱུས་མེད་ཀྱི་གནས་དེར་ཡོང་དོན་ནི། རྨེག་མེད་ཀྱི་ཀློང་ལ་ཐིམ་ཚར་བའི་གནའ་བོའི་ཕ་སྐད་དེ་བསྐྱར་དུ་འཚོལ་བའི་ཕྱིར་རོ།།
རྨི་ལམ་ལྟ་བུའི་ཕུགས་རེ་དེའམ་གསེར་ལྟར་དཀོན་པའི་རྣམ་དཔྱོད་དེ་དྲིལ་སྒྲོག་པའི་ཕྱིར། 1884ལོར་ཁོང་གིས་རེས་གཟའི་གསར་ཤོག་ཅིག་པར་དུ་བསྐྲུན་པར། རྣམ་དཔྱོད་དང་ལྡན་པའི་ཡ་ཧུ་དཱ་པ་མང་པོ་ཞིག་ལས་ཀ་དེར་མ་བགྲོས་གཅིག་མཐུན་ངང་ཞུགས། དེ་ལྟར་མི་ལོ་བཅུ་ཕྲག་ཅིག་ལ་ཐ་སྙད་འཚོལ་སྒྲིག་གི་ལས་ཀར་ཤ་ཐང་དུ་གཞོལ་མཐར། སྤྱི་ལོ1904ལོར་ཧེབ་རེ་སྐད་ཀྱི་ཚིག་མཛོད་ཐོག་མ་དེ་བསྡུ་སྒྲིག་བྱས་ཤིང་ཚིག་མཛོད་དེར་ཧེབ་རེ་སྐད་ཀྱི་ཐ་སྙད་གསར་པའང་མང་དུ་བསྣན་ཡོད་མོད། དེ་ཙམ་གྱིས་ཁོང་གི་འདོད་བློ་ཡེ་ནས་མ་ཚིམས།
ལོ་དྲུག་གི་རྗེས་སུ། ཁོང་གིས་ཐ་སྙད་རྒྱ་ཆེར་བསྡུས་ནས་ཚིག་མཛོད་ཆེན་མོ་ཞིག་བསྐྱར་དུ་སྒྲིག་པའི་འཆར་བཀོད་བཟོས་ཤིང༌། ཞར་ལ་ཧེབ་རེ་སྐད་དེ་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་སླད། ཐོག་མར་རང་ཉིད་ནས་མགོ་བརྩམས་ཏེ། རང་གི་ཆུང་མར་ཧེབ་རེ་སྐད་ཁོ་ནས་བུ་ཕྲུག་རྣམས་དང་བརྡ་སྤྲོད་པར་བསྐུལ་ཅིང༌། ཧེབ་རེ་སྐད་ཀྱི་སློབ་གྲྭ་འཛུགས་པའི་ལས་དོན་ལ་བློ་ཐག་རྦད་ཆོད་ཀྱིས་ཞུགས། ཡོད་ཚད་རྨི་ལམ་ལྟ་བུའི་ཕུགས་འདུན་དེ་མངོན་དུ་འགྱུར་བའི་སླད་དུ་ཡིན་ཏེ། ཁོང་གིས་འཚོ་ཚིས་དོན་གཉེར་གྱི་ལས་དེ་གཞོགས་སུ་བསྐྱུར་ཅིང་ཁྱིམ་གྱི་སྐྱིད་སྡུག་ཀྱང་ཡལ་བར་དོར་བས། སྙིང་དང་འདྲ་བའི་བུ་ཐ་ཆུང་མི་འདོད་ནད་ཀྱིས་ཁྱེར་ལ། ཕུགས་ཀྱི་བརྟེན་ས་ཉག་ཅིག་ཏུ་གྱུར་པའི་ཆུང་མའང་སྐབས་ཤིག་ཁོ་དང་གཏན་དུ་གྱེས་འདོད་བྱུང༌།
ཡ་ཧུ་དཱ་པའི་སྐྱེས་བུ་དེས་བེམ་པོ་ལྟ་བུའི་ཕ་སྐད་ལ་ཤི་འཕོས་ཀྱི་སྲོག་དབང་བསྩལ། དེའི་འབྲས་རྟགས་སུ་ཁོང་གི་ཁྱིམ་མི་རྣམས་ནི་ཧེབ་རེ་སྐད་བརྗོད་པའི་ཁྱིམ་ཚང་ཆེས་ཐོག་མ་དང་ཁོང་གི་བུ་ཆེ་བ་ཧེབ་རེ་སྐད་རྐྱང་བ་བརྗོད་པའི་བྱིས་པ་དང་པོ་རུ་གྱུར། དེར་མ་ཟད། ཁོང་གི་བླ་ན་མ་མཆིས་པའི་ལས་དོན་དེ་ལ་ཐུགས་ཁུར་གཞོགས་འདེགས་བྱེད་པའི་རིགས་མཐུན་སྐྱེ་བོ་མང་དུ་བྱུང་བས། འཛམ་གླིང་འཁྲུག་ཆེན་དང་པོ་ཞི་འཇགས་བྱུང་དུས། ཧེབ་རེའི་ཕ་སྐད་སྨྲ་ཤེས་པའི་ཁྱིམ་རབས་དང་པོ་བྱུང༌།
1948ལོའི་ཟླ5པར། དབྱི་སི་རལ་གྱི་རྒྱལ་ཁབ་དངོས་སུ་ཚུགས། མི་ལོ་ཉིས་སྟོང་རིང་རྨེག་མེད་ཀྱི་ཀློང་ལ་ཐིམ་ཚར་བའི་ཧེབ་རེ་སྐད་དེ། ཨེ་ལས་ཙུ་པིན་ཡེ་ཧོ་དཱ་ཞེས་སུ་འབོད་པའི་སྐྱེས་བུ་ཆེན་པོ་འཇིག་ཉེན་གྱི་རྫི་གསང་རྣོ་ལ་གཞོམ་བྲལ་གྱི་སེམས་ཤུགས་མངའ་བ་གང་དེའི་ཤེས་བརྩོན་དང་རང་ཉིད་ནས་མགོ་རྩོམ་པར་མཁས་པའི་སྤུན་ཟླ་རུས་པ་ཅན་དག་གི་མཐུན་འགྱུར་ལ་བརྟེན་གཞི་ནས་རྒྱལ་ཁབ་དེའི་སྤྱི་སྐད་དུ་གྱུར་པར་མ་ཟད། ཡ་ཧུ་པ་དཱ་ས་ཡ་ལྔའི་ཕ་སྐད་དུའང་གྱུར་སོང༌། དེ་ནི་འགྲོ་བ་མིའི་ལོ་རྒྱུས་དེབ་ཐེར་དུ་བྱུང་བའི་ཁྱད་མཚར་ལྟད་མོ་ཞིག་སྟེ། མི་བུ་ཞིག་གི་རྨི་ལམ་ལྟ་བུའི་ཕུགས་འདུན་མངོན་དུ་གྱུར་པའི་མ་ཐར་ལགས།
རྩོམ་ཁུངས། 《གཞོན་ནུའི་རབ་བྱེད།》
རྩོམ་སྒྲིག་པ། པད་མ།